ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཡི་གེ་ཞིག་སྐྱེལ་རྩིས་བྱེད་སྐབས་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་དུ་འཛུལ་རྒྱུར་བཀག་འགོག་བྱས་པ་མ་ཟད་ལྕགས་སྒོ་དེ་རྒྱབ་ནས་ལས་འགུལ་བ་ཚོ་འཛུལ་བཅུག་མི་འདུག ལས་འགུལ་འདི་ནི་ཕྱི་ཟླ་ ༧ ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཕྱི་ཕྱོཊ་སུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གཤེཊ་པ་ཁོང་ལ་རྗེས་དྲན་དང་མཇུག་འདེད་ཀྱི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད།

ལས་འགུལ་ནང་མཉམ་ཞུགས་གནང་མཁན་ངག་དབང་བཀྲིས་ལགས་ཀྱིས་གསུང་དོན་དུ། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་རྗེས། བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་མང་ཚོགས་ཀྱིས་ཡང་བསྐྱར་དོ་སྣང་བྱེད་འགོ་ཚུགས་པ་མཐོང་བྱུང་ལ། དེས་རྒྱ་ནག་ལའང་གང་ཙམ་གྱི་གནོན་ཤུགས་སླེབས་ཡོད། ང་ཚོས་ཕུལ་བའི་ཡི་གེར་རྒྱ་ནག་གི་གཞུང་ཚབ་ཡན་ལག་གིས་ལན་འདེབས་བྱེད་མིན་དང་། ཡང་ན་ལན་གང་འདྲ་ཞིག་བྱེད་མིན་དེས། ང་ཚོས་བཏོན་པའི་གླེང་པའི་དོ་སྣང་བྱེད་གཞིའི་གནད་དོན་རྣམས་ལ་ཁོང་ཚོའི་ལངས་ཕྱོགས་དངོས་དེ་ག་རེ་ཡིན་མངོན་ཡོང་གི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྤྲད་པའི་ཡི་གེ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ལོ་བཅུ་ཕྲག་མང་པོའི་རིང་བཙན་གནོན་བྱེད་བཞིན་པའི་གནས་དོན་དེ་ཐག་གཅོད་བྱེད་དགོས་པ་བརྗོད་གནང་འདུག
ཡི་གེ་དེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་། དེ་བཞིན་རྒྱ་ནག་གིས་ཉེ་ཆར་ལག་བསྟར་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
བོད་མི་ངོ་རྒོལ་བ་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་རོལ་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གི་འདྲ་བཤུས་མེར་སྲེག་གཏང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱས་པའི་ཁྲིམས་གཞི་དེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་གི་ཡོད་པ་གསལ་སྟོན་གནང་པ་དང་མཉམ། ཞུ་ཡིག་སྤྲོད་རྒྱུ་དེའི་ནང་། རྒྱ་ནག་གིས་བོད་མིའི་སྐུ་ཚབ་དང་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། ཆབ་སྲིད་ཀྱི་ཐག་གཅོད་དེ་དོན་སྙིང་ལྡན་པའི་གྲོས་མོལ་བརྒྱུད་ནས་མ་གཏོགས་ཡོང་མི་ཐུབ་ཅེས་འཁོད་འདུག
ས་གནས་གཞོན་ནུས་གོ་སྒྲིག་གནང་པའི་ལས་འགུལ་དེ་ནི། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་གྱི་ས་ཚིགས་ཏེ་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ནས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་བར་ཞི་བའི་གོམ་བགྲོད་གནང་པ་དང་། བོད་མི་ཚོས་སྤུར་སྒྲོམ་བསྣམས་ཏེ་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུས་པ་ཞིག་ཆགས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
