བོད་ཀྱི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་གྱི་བཞུགས་ཤག་ཉུང་མཐར་ ༡༠༦༠ ལྷག་བཤིག་རྒྱུའི་ལས་འགུལ་གསར་པ་ཞིག་འགོ་བཙུགས་ཡོད་པ་དང་། འཆར་གཞི་འདི་སྔ་ལོ་ནས་བཀོད་དེ་ཉེ་ཆར་དངོས་སུ་ལག་བསྟར་བྱས་པ་ཞིག་རེད་འདུག་ལ། རིམ་པ་བཞིན་བཤིག་རྒྱུ་ཡིན་པ་རྒྱ་ནག་གི་ཡུལ་སྐོར་བ་ཞིག་གིས་འགྲེལ་བརྗོད་བྱས་བྱུང་།
ཡང་རང་གི་བདེ་འཇགས་ཆེད་མིང་བཏོན་གནང་འདོད་མེད་པའི་བོད་ནང་གི་མི་སྣ་ཞིག་གིས། གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་ནི་རིམ་པ་བཞིན་རྒྱ་ནག་གཞུང་གི་སྟངས་འཛིན་དམ་དྲག་ཆེ་རུ་ཕྱིན་པ་ཞིག་དང་། གྲ་བཙུན་གྱི་བཞུགས་ཤག་གཏོར་རྒྱུ་འདི་གཞུང་གི་འཆར་གཞིའི་ནང་ཡོད་པ་ཞིག་དང་། དེ་སྔ་དང་མི་འདྲ་བར་མངོན་གསལ་མེད་པའི་ཐོག་ནས་བཤིག་གི་ཡོད་པ་དང་། གྲ་ཤག་གཏོར་རྒྱུའི་ས་ཁོངས་སུ་ཚུད་པའི་དགེ་འདུན་པ་ཚོ་ནི་རང་ཉིད་ཀྱིས་ཁང་པ་འཚོལ་དགོས་ཀྱི་ཡོད་པས། མུ་མཐུད་འདི་ལྟར་བཤིག་གཏོར་གྱི་འཆར་གཞི་འདི་རྒྱ་ཆེ་རུ་གཏོང་བ་ཡིན་ཚེ། དགེ་འདུན་པ་ཚོ་བཞུགས་སར་དཀའ་ངལ་འཕྲད་སྲིད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲ་ཤག་བཤིག་པའི་ལས་འགུལ་དེ་ཟླ་ ༧ ཚེས་ ༡༣ ཙམ་ནས་འགོ་བཙུགས་ཡོད་ཅིང་། མཚན་མོར་ལས་ཀ་བྱེད་ཀྱི་ཡོད་པ་འདི་ནི་ཕྱི་ལ་གནས་ཚུལ་འགྲེམས་སྤེལ་དང་། བརྙན་ཕབ། མཁའ་དབྱིངས་ཀྱི་བརྟག་དཔྱད་ལས་གཡོལ་ཐབས་ཡིན་པ་བརྗོད་འདུག་ལ། ཟླ་ ༧ ཚེས་ ༡༥ བར་དུ་བཞུགས་ཤག་ ༦ བཤིག་ཚར་པ་དང་། ད་རེས་ཀྱི་ལས་འགུལ་ནང་གྲྭ་བཙུན་གྱི་བཞུགས་ཤག་ཉུང་མཐར་ ༡༠༦༠ ལྷག་བཤིག་རྒྱུ་ཡིན་པ་ཐོ་གཞུང་ནང་བཀོད་ཡོད་པ་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ད་རེས་ཀྱི་གཏོར་བཤིག་འདི་ནི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་འདི་ལག་བསྟར་བྱས་པའི་རྗེས། བོད་ནང་ཆོས་ལུགས་ཀྱི་རང་དབང་ལ་དམ་དྲག་སྔར་ལས་ཤུགས་ཆེ་བ་དང་། བཙན་ཤེད་ཀྱིས་མི་རིགས་མཉམ་བསྲེས་སྲིད་ཇུས་ཤུགས་ཆེ་རུ་གཏོང་བའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གྱིས་སེམས་འཚབ་ཡོད་པ་བརྗོད་འདུག
ད་ལྟ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་མི་ཡུལ་སྐོར་བ་སྐྱོད་མཁན་ཉིན་ལྟར་རྫོགས་རྒྱུ་མེད་པ་ཡོད་ཅིང་། ཉིན་ཤས་གོང་གསེར་རྟ་བླ་རུང་སྒར་དུ་ཡུལ་སྐོར་ལ་སྐྱོད་མཁན་མང་པོས་སྤྱི་ཚོགས་དྲ་རྒྱའི་ཐོག་བརྙན་པར་འཇོག་མཁན་བྱུང་བའི་ཁོངས་ནས་དེང་སྐབས་གསེར་རྟ་བླ་རུང་སྒར་དུ་ཡུལ་སྐོར་ལ་སྐྱོད་མཁན་ཁྲོད་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། ཉིན་གཅིག་ནང་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་སྡོད་མི་ཆོག་པའི་ཐོག་བླ་རུང་སྒར་དུ་ཡུལ་སྐོར་ལ་སྐྱོད་མཁན་ཚོ་གཅིག་གྱུར་གྱིས་སྤྱི་སྤྱོད་མོ་ཊར་བསྡད་དགོས་པའི་ཐོག་འཕྲུས་ཆས་ཆུང་ཆུང་ཞིག་ལ་རྒྱ་ནག་གི་སྒོར་མོ་ ༢༠༠ སྤྲད་དེ་ངེས་པར་དུ་གཡར་དགོས་ཀྱི་ཡོད་ཅིང་། དེའི་ནུས་པ་ནི་གཅིག་ནས་རྗེས་དེད་སྟངས་འཛིན་དང་། གཉིས་ནས་དུས་ཚོད་སྐར་མ་བཀག་པ་མ་ཟད། ད་དུང་འཕྲུལ་ཆས་དེས་གང་དུ་སྐྱོད་ཆོག་མིན་སྟངས་འཛིན་བྱེད་ཀྱི་ཡོད་པ་བརྗོད་འདུག་ལ། ཉིན་རེར་མི་ ༣༠༠༠ ལས་གཏོང་གི་མེད་པ་རེད་འདུག
གསེར་རྟ་བླ་རུང་སྒར་ནི་ལོ་རབས་བརྒྱད་ཅུའི་ནང་གསར་བཞེངས་གནང་བ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་གྲ་བཙུན་གྱི་གྲངས་ཚད་ཉུང་དུ་བཏང་བ་དང་། གྲ་ཤག་བཤིག་པ་སོགས་ལས་འགུལ་ཐེངས་མང་སྤེལ་ཡོད་པའི་ནང་ཕྱི་ལོ་ ༢༠༡༧ ལོར་མཚོན་ན། བླ་རུང་སྒར་ནས་གྲྭ་བཙུན་ ༤༠༠༠ ལྷག་ཕྱིར་ཕུད་བཏང་པ་དང་གྲྭ་ཤག་ ༤༧༠༠ གཏོར་བཤིག་བཏང་ཡོད་ལ། འདས་པའི་ལོ་ཤས་རིང་དཀའ་ངལ་མུ་མཐུད་འཕྲད་མུས་རེད་འདུག
འབྲེལ་ལམ་ཐད་དམ་དྲག་ཅི་ཆེ་ཡོད་པ།
ཡང་བོད་ནང་དུ་འབྲེལ་བ་ཡོད་མཁན་གྱི་མི་སྣ་ཁག་ཅིག་ལ་བླ་རུང་སྒར་གྱི་གནས་ཚུལ་རྒྱུས་ལོན་གྱི་ཆེད་བཀའ་འདྲི་ཞུས་པར། ད་ལྟ་གསེར་རྟ་བླ་རུང་སྒར་དང་དེའི་ཉེ་ཁུལ་དུ་འབྲེལ་བ་བྱས་སྐབས་ཁ་པར་ནང་སྐད་ཆ་བཤད་པ་རྣམས་རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྟ་སྲུང་བྱེད་ཀྱི་ཡོད་པས་དྭོགས་ཟོན་བྱེད་ཀྱི་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ཐད་ཀར་ལན་འདེབས་བྱེད་རྒྱུར་ཞེད་སྣང་བྱེད་ཀྱི་འདུག་ཅེས་བརྗོད་མཁན་ཡང་བྱུང་ལ། འདི་ནི་གསེར་རྟ་བླ་རུང་སྒར་གྱི་ཉེ་ཁུལ་གྱི་གནས་ཚུལ་གཅིག་པུ་མིན་པར། བོད་ནང་གི་ས་གནས་གཞན་མང་པོའི་ནང་དུ་འཕྲད་བཞིན་པའི་གནས་སྟངས་གཅིག་འགྱུར་ཆགས་ཡོད་པ་གསུངས་མཁན་བྱུང་།།
