རྒྱ་གར་རྒྱལ་ཡོངས་ཉེན་རྟོག་པའི་སྦྱོང་བརྡར་སློབ་རིག་ཁང་དུ་བཀའ་སློབ།


2017.02.11
རྒྱ་གར་རྒྱལ་ཡོངས་ཉེན་རྟོག་པའི་སྦྱོང་བརྡར་སློབ་རིག་ཁང་དུ་བཀའ་སློབ། ༢༠༡༧།༢།༡༡། རྒྱ་གར་གྲོང་ཁྱེར་hyderabad་ནང་༧གོང་ས་མཆོག་ནས་རྒྱ་གར་རྒྱལ་ཡོངས་ཉེན་རྟོག་པའི་སྦྱོང་བརྡར་སློབ་རིག་ཁང་དུ་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ Hyderabad གྲོང་ཁྱེར་ནང་ཆགས་པའི་རྒྱ་གར་རྒྱལ་ཡོངས་ཉེན་རྟོག་པའི་སྦྱོང་བརྡར་སློབ་རིག་ཁང་གི་དགེ་ལས་དང་སྦྱོང་བརྡར་སློབ་ཕྲུག་ཚོར་བཀའ་སློབ་གསུང་བཤད་སྩལ་གནང་མཛད་འདུག།
ཁ་སང་ཕྱི་ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གྲོང་ཁྱེར་ ཝི་ཇེ་ཝ་ཌའི་ནང་རྒྱ་གར་རྒྱལ་ཡོངས་བེུད་གྲོས་ཚོགས་ཚོགས་ཆེན་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་གནང་མཛད་པ་དང་། དེ་རིང་ཕྱི་ཚེས་ ༡༡ སྔ་དྲོ་ཝི་ཇེ་ཝ་ཌ་ནས་ཆིབས་ཐོན་གྱིས་ Hyderabad གྲོང་ཁྱེར་རུ་ཞབས་སོར་འཁོད་གནང་མཛད་འདུག་ཅིང་། འདི་ག་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ལ་ རྒྱ་གར་རྒྱལ་ཡོངས་ཉེན་རྟོག་སྦྱོང་བརྡར་སློབ་རིག་ཁང་དེའི་འགན་འཛིན་གཞོན་པས་འགྲེལ་བརྗོད་གནང་པར་གཞིགས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྦྱོང་བརྡར་ཁང་དེའི་དགེ་ལས་དང་སྦྱོར་བརྡར་སློབ་ཕྲུག་ཚོར་རྒྱ་གར་གྱི་གནའ་བོའི་འཚེ་བ་མེད་པའི་རིག་གཞུང་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དང་། བྱམས་པ་དང་བརྩེ་བའི་བསམ་བློའི་ཐོག་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཟུང་དགོས་པ་སོགས་བཀའ་སྩལ་གནང་མཛད་འདུག་པར་མ་ཟད། དམིགས་བསལ་ཉེན་རྟོག་པ་ཚོ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་འགན་འཁུར་བླངས་མཁན་གྱི་སྡེ་ཚན་གཙོ་བ་དེ་ཡིན་སྟབས། ངེས་པར་དུ་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གྱི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་འདུག།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་རྒྱལ་ཡོངས་ཉེན་རྟོག་སྦྱོང་བརྡར་སློབ་རིག་ཁང་དེའི་ལྡུམ་རྭའི་ནང་དྲན་རྟེན་གྱི་ཤིང་སྣ་ཞིག་འདེབས་འཛུགས་གནང་ཡོད་འདུག། སང་ཉིན་ཕྱི་ཚེས་ ༡༢ ཉིན Telangana མངའ་སྡེའི་ནང་ཆིབས་བསྒྱུར་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་། མཛད་འཆར་གཙོ་བོ་ཞིག་ནི་ཨ་མི་རི་ཀའི་ MIT མཐོ་སློབ་ཁང་དུ་ཡོད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཏཱ་ལའི་བླ་མའི་ཚུལ་སྤྱོད་དང་བཟང་པོའི་རིན་ཐང་ལྟེ་གནས་ཁང་གི་ལྷོ་ཤར་ཨེ་ཤི་ཡའི་ཡན་ལག་ལྟེ་གནས་ཁང་ཞིག་རྒྱ་གར་གྱི་གྲོང་ཁྱེར་ Hyderabad ནང་གསར་འཛུགས་དབུ་འབྱེད་གནང་བཞིན་ཡོད་པ་དེའི་ཐོག་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་འདུག་ལ། ལྟེ་གནས་ཁང་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་ Telangana འི་མངའ་སྡེའི་བློན་ཆེན་ཡང་ཆེད་ཕེབས་གནང་རྒྱུ་ཡིན་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎