བློ་དགའ་རང་བཙན་ལཊ་ཀྱི་ཁ་ཆེམས་དག་ལག་བསྟར་བྱེད་པར་འབད་རྒྱུ་ཡིན་པ་བོད་མི་ཚོས་གསུངས་པ།

བཞུགས་སྒར་དང་ལ་དྭགས་སོགས་བོད་མི་གནས་ཡུལ་གང་སར་རྒྱ་ཆེའི་མར་མེ་ཁྲོམ་སྐོར་དང་རྔམ་སྟོན་འདུ་འཛོམས་ཀྱི་ལས་འགུལ་སྤེལ་བ།

བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེགས་མ་གནང་གོང་ལ་དྲ་རྒྱའི་སྟེང་ཐད་གཏོང་གིས་ཁ་ཆེམས་ཀྱི་ཚུལ་དུ་བཀའ་མོལ་གནང་པའི་བཙན་བྱོལ་བོད་མི་ཚོར་ཆིག་སྒྲིལ་བྱེད་དེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་གནང་དགོས་པའི་འབོད་སྐུལ་དག་ལག་བསྟར་བྱེད་པར་འབད་རྒྱུ་ཡིན་པ་བོད་མི་ཚོས་གསུངས་པ།

བཞུགས་སྒར་དང་ལ་དྭགས་སོགས་བོད་མི་གནས་ཡུལ་གང་སར་རྒྱ་ཆེའི་མར་མེ་ཁྲོམ་སྐོར་དང་རྔམ་སྟོན་འདུ་འཛོམས་ཀྱི་ལས་འགུལ་སྤེལ་བ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བློ་དགའ་རང་བཙན་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་སྟེ་སྐུ་གཤེགས་པར་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཐུན་མོང་གིས་མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་ཡོད་པ་རེད་ལ། མར་མེ་ཁྲོམ་སྐོར་འདིའི་ཐོག་གི་མཉམ་ཞུགས་པ་རྣམས་ཀྱིས་དམ་པ་ཁོང་གིས་ཁ་ཆེམས་ཀྱི་ཚུལ་དུ་ངོ་དེབ་ཐོག་བཀའ་མོལ་གནང་པའི་ནང་དོན་བཞིན་ལག་བསྟར་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་གསུང་གི་འདུག

རྒྱུན་ལྡན་དང་མི་འདྲ་བར་བོད་མི་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་བོད་མི་ཚོས་བློ་དགའ་ལགས་ཀྱི་བློས་གཏོང་ལ་རྗེས་དྲན་ཞུ་བཞིན་པ། ༢༠༢༦།༧།༣
བོད་མི་མང་པོའི་ཕྱག་ལ་མར་མེ་བསྣམས་ཤིང་མིག་ཆུ་གཏོང་བཞིན་སྨོན་ལམ་འདོན་པ། རྒྱུན་ལྡན་དང་མི་འདྲ་བར་བོད་མི་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་བོད་མི་ཚོས་བློ་དགའ་ལགས་ཀྱི་བློས་གཏོང་ལ་རྗེས་དྲན་ཞུ་བཞིན་པ། ༢༠༢༦།༧།༣ (RFA Tibetan)

དེ་ཡང་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་སེམས་ལ་སྐྱོ་སྣང་དང་མཉམ་བཙན་བྱོལ་ནང་གི་བོད་མིའི་ཁྲོད་རྒྱལ་ཞེན་གྱི་སྙིང་སྟོབས་ད་ལྟའང་གསོན་གནས་ཐུབ་ཡོད་པའི་གདེང་ཚོད་ཆེན་པོ་བྱུང་ཞེས་གསུང་གི་འདུག་ལ།

ཚེ་ཐར་ལྷ་འཛོམས་ལགས་ཀྱིས་གསུངས་པར། དཔའ་བོ་ཁོང་ནི་གཟི་བརྗིད་དང་སྙིང་སྟོབས་ལྡན་པ་ཞིག་ཡིན་པས། ཁོང་གི་ཁ་ཆེམས་ལྟར་དུ་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་དགོས་པ་གསུངས་བྱུང་། ཡང་སྐལ་བཟང་སྒྲོལ་མ་ལགས་ཀྱིས་སྔ་དྲོར་རང་ཉིད་ཀྱི་བུའི་སར་ནས་གནས་ཚུལ་གོ་ཐོས་བྱུང་བས། སེམས་པ་ཧ་ཅང་སྐྱོ་སོང་བས་མཆོད་འབུལ་སྨོན་ལམ་གྲུབ་ཡོད་ཅེས་གསུང་གི་འདུག

ལ་དྭགས་སུ་བོད་མིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ། བོད་མི་དང་ཡུལ་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་བློ་དགའ་ལགས་ཀྱིས་བློས་གཏོང་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུས།

ལ་དྭགས་སུ་བོད་མིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ།

ལ་དྭགས་སླེ་གྲོང་ཁྱེར་དུ་ས་གནས་བོད་མི་དང་ཡུལ་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་བློ་དགའ་ལགས་ཀྱིས་བློས་གཏོང་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུས་ཤིང་། མང་ཚོགས་ཁྲོད་གསུང་བཤད་གནང་པའི་སྐབས། མི་མང་ཁྲོད་མིག་ཆུ་གཏོང་མཁན་ཧ་ཅང་མང་པོ་དངོས་སུ་མཐོང་རྒྱུ་འདུག

བོད་མི་མང་པོ་ཞིག་གིས་མིག་ཆུ་གཏོང་བཞིན་ཡོད་མངོན་རྒྱུ་འདུག ༢༠༢༦།༧།༣
ལ་དྭགས་སླེ་གྲོང་ཁྱེར་དུ་བོད་མི་བརྒྱ་ཕྲག་འདུ་འཛོམས་བྱུང་པ། བོད་མི་མང་པོ་ཞིག་གིས་མིག་ཆུ་གཏོང་བཞིན་ཡོད་མངོན་རྒྱུ་འདུག ༢༠༢༦།༧།༣ (RFA Tibetan)

ནིའུ་ཡོག་ཏུ་གནས་བཞུགས་བོད་མི་བློ་དགའ་ལགས་ཀྱིས་རང་ལུས་མར་བསྲེགས་གནང་ཡོད་པ་ནི། ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱས་པར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པའི་རྗེས། ཨ་རིའི་ནིའུ་ཡོག་གི་ཚེས་ ༢ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༦།༣༠ ཙམ་ལ་རེད་འདུག

ལ་དྭགས་སུ་བོད་མི་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་བའི་སྐབས། ༢༠༢༦།༧།༣
ལ་དྭགས་སུ་བོད་མི་འདུ་འཛོམས་སྐབས། ལ་དྭགས་སུ་བོད་མི་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་བའི་སྐབས། ༢༠༢༦།༧།༣ (RFA Tibetan)

བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེག་གནང་བའི་གནས་ཚུལ་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་སྤེལ་དུ་སོང་མ་ཐག་ཏུ། ནིའུ་ཡོག་ཁུལ་དུ་ཡོད་པའི་བོད་མི་མང་པོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་འཛོམས་ནས་སྐད་འབོད་ཀྱི་ལས་འགུལ་སྤེལ་ཞིང་བོད་མིའི་སྤྱི་ཁང་དུ་སྨོན་ལམ་འདོན་གནང་འདུག་ལ། འདིར་བཞུགས་སྒར་རྡ་རམ་ས་ལར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ཀྱིས། དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་ཕྱིར་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད་ལ། བཞུགས་སྒར་གནས་སྡོད་མང་ཚོགས་ཀྱིས་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་གསུང་འདོན་སོགས་གནང་ཡོད་པ་རེད། ཐེངས་འདིར་བཞུགས་སྒར་དུ་འཚོགས་པའི་མར་མེ་ཁྲོམ་སྐོར་སྐབས་སུའང་དུས་རྒྱུན་དང་མི་འདྲ་བར་བོད་མི་ཧ་ཅང་མང་པོས་མཉམ་ཞུགས་གནང་སོང་།

རྩ་བའི་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེག་མ་གནང་གོང་དུ་བོད་མི་ཚོར་འབོད་སྐུལ་དང་ཁ་ཆེམས་ཀྱི་ཚུལ་དུ་བཀའ་མོལ་ཞིག་ངོ་དེབ་ཐོག་ཐད་གཏོང་བརྒྱུད་གནང་ཡོད་པ་རེད། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས། བོད་ནང་བཞུགས་མཁན་བོད་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་སྒོ་ནས། བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་བཞིན་པར་བཀྲིན་ཆེ་ཞེས་ཞུས་པ་དང་སྦྲགས། བཙན་བྱོལ་ནང་གི་བོད་མི་ཚོར་བོད་དོན་འཐབ་རྩོད་ཐད་ཤུགས་སྣོན་བསྐྱོན་དགོས་པ་དང་ནང་ཕན་ཚུན་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་གསུངས་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འཕྲིན་ལས་ཆོས་སྒྲོན། པ་སངས་ཚེ་རིང་།