མཉམ་འབྲེལ་རྒྱལ་ཚོཊ་མདུན་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་རང་བཙན་ལགས་སྐུ་གཤེཊ་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་སྟེ་སྐུ་གཤེགས་འདུག

སྔོན་བརྡ། དངངས་འཚབ་སྐྱེས་གཞིའི་གནས་ཚུལ་ཡོད་པས་དགོངས་འཇགས་ཞུ།

རེས་གཟའ་ཕུར་བུ་དང་ཕྱི་ཟླ་ ༧ ཚེས་ ༢ ཉིན་ནིའུ་ཡོག་ཏུ་བཅའ་བཞུགས་བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)གྱིས་ངོ་དེབ་ཐོག་ཐད་གཏོང་བཀའ་མོལ་ཐེངས་འགའ་གནང་སྟེ་མཐར་བོད་མི་ཚོར་འབོད་སྐུལ་དང་ཁ་ཆེམས་ཀྱི་ཚུལ་དུ་སྐར་མ་ ༦ ལྷག་ཙམ་གྱི་བཀའ་མོལ་ཞིག་གནང་ཡོད་པ་དང་། ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་འདི་བོད་མི་རིགས་རྩ་མེད་གཏོང་བའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་རེད། བོད་ནང་བཞུགས་མཁན་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་སོ་སོའི་སྐད་དང་ཡི་གེ བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་གི་ཡོད་པ་འདི་ཚོ་ཧ་ལས་དགོས་པ་རེད་འདུག་པས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། བཙན་བྱོལ་ནང་ཡོད་པ་ཚོར་ཞུ་རྒྱུར། མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཆེད་དུ་ཞི་བདེ་དང་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རྩ་བ་ནས་ཐོབ་ཀྱི་མ་རེད། དེར་བརྟེན་བཙན་བྱོལ་ནང་བཞུགས་པ་ཚོས་ཤུགས་མང་ཙམ་རྒྱག་དགོས་པ་འདུག་ཅེས་ཞུ་རྒྱུ་ཡིན་པ་སོགས་ལས་འགུལ་སྤེལ་དགོས་པའི་བཀའ་མོལ་ཆུ་ཚོད་གཅིག་ཙམ་གནང་ཡོད་འདུག

ཨེ་ཤེ་ཡང་རང་དབང་རླུང་འཕྲིན་ཁང་གིས་བྷེལ་ལུ་ཝུའེ་ (Bellevue) སྨན་ཁང་ལ་འབྲེལ་བ་བྱས་ཏེ་དྲི་རྩད་ཞུས་ཀྱང་དོ་བདག་གི་ཞིབ་ཕྲའི་གནས་ཚུལ་སོགས་གནང་ཡང་གསུངས་ཡག་མེད་ཅེས་ལན་འདེབས་གནང་བྱུང་།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་སྟེ་སྐུ་གཤེགས་འདུག
མཉམ་འབྲེལ་རྒྱལ་ཚོགས་མདུན་རང་སྲེག་ངོ་རྒོལ་གནང་མཁན་བོད་མི་ལས་འགུལ་བ་སྐུ་གཤེགས་འདུག ངོ་དེབ་སྟེང་བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)ལགས་ཀྱིས་རང་སྲེག་ངོ་རྒོལ་མ་གནང་གོང་ཙམ་གྱི་སྐར་ཆ་ཁ་ཤས་ལ་ལེན་པའི་བརྙན་པར་ནས་བཤུས། (བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)ལགས་ཀྱི་ངོ་དེབ།)

ཐད་གཏོང་གི་བརྒྱུད་རིམ་གཞན་ཞིག་ལྟར་ན། བློ་དགའ་རང་བཙན་རང་ཉིད་ཀྱིས་བོད་ཆས་ཕྱུ་པ་གྱོན་པ་དང་། ཁོང་གིས་དགོང་དྲོ་ཆུ་ཚོད་བདུན་པ་ཙམ་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ལམ་ཆེད་དང་པོའི་སྲང་ལམ་ ༤༣ གྱི་ཐོག་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་སྟེ་ལམ་སེང་རང་ལུས་མེར་བསྲེགས་བཏང་འདུག མེར་བསྲེགས་བཏང་ཟིན་མཚམས་སྐར་ཆ་ཁ་ཤས་ལས་མ་འགོར་བར་ས་ལ་གྱེལ་ཏེ་གང་ཙམ་རྗེས་མི་གཉིས་ཀྱིས་མེ་བསད་དེ་ཛ་དྲག་མྱུར་སྐྱོབ་རུ་ཁག་སླེབས་འདུག་ཅིང་། ནིའུ་ཡོག་ནས་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་ན། བོད་མི་དེ་བློ་དགའ་རང་བཙན་རང་ཉིད་ཡིན་པ་བརྗོད་ཀྱི་འདུག་ལ་ཁོང་ད་ལྟ་ནིའུ་ཡོག་གི་བྷེ་ལུ་ཝུའེ་ སྨན་ཁང་དུ་བསྐྱལ་ཡོད་པ་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསུངས་དོན་ལྟར་ན། སྐུ་ཚེ་མ་ཟིན་པར་དགོངས་པར་རྫོགས་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་སྟེ་སྐུ་གཤེགས་འདུག
མཉམ་འབྲེལ་རྒྱལ་ཚོགས་མདུན་རང་སྲེག་ངོ་རྒོལ་གནང་མཁན་བོད་མི་ལས་འགུལ་བ་སྐུ་གཤེགས་ བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)ལགས་ཀྱིས་རང་སྲེག་ངོ་རྒོལ་མ་གནང་སྔོན་ཙམ་ལ་ངོ་དེབ་ཐོག་བཞག་པའི་འདྲ་པར། (བློ་དགའ།)

ངོ་དེབ་ཐོག་གི་ཐད་གཏོང་དེར་གཞིགས་ན། སྐར་མ་ ༢༢ མིན་ཙམ་སོང་སྟེ་ཐད་གཏོང་བཀག་མཁན་མེད་པར་ལུས་པ་མངོན་རྒྱུ་འདུག་ལ། སྐོར་སྲུང་བས་ཐད་གཏོང་འགྲོ་བཞིན་པའི་ཁ་པར་ལ་འཇུས་ཙམ་བྱས་པ་ཡང་མཐོང་རྒྱུ་འདུག

ཡང་ཤེས་རྟོགས་བྱུང་བར། བློ་དགའ་རང་བཙན་ལགས་(བློ་བཟང་དཔལ་ལྡན་)ཀྱིས་རང་སྲེག་ངོ་རྒོལ་གནང་པའི་རྗེས་སྐུ་གཤེགས་འདུག་ལ། ནིའུ་ཡོག་ཁུལ་དུ་ཡོད་པའི་བོད་མི་མང་པོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་འཛོམས་ནས་བོད་ལ་རང་དབང་དགོས་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་པ་སོགས་ཀྱི་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག་ལ། དེ་རྗེས་མང་ཚོགས་ཀྱིས་དམ་པ་ཁོང་གི་སྨོན་ལམ་འདོན་གནང་གི་ཡོད་འདུག

ཁ་སྣོན་གསར་འགོད། བཀྲ་དབང་། བསྟན་འཛིན་བདེ་སྐྱིད། ནོར་སྡེ་སྒྲོལ་མ།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།