ལྡེ་ར་ལྡུན་ཁུལ་གྱི་དགོན་སྡེ་གྲྭ་ཚང་ནང་གི་དགེ་འདུན་པ་རྣམས་མུ་མཐུད་རང་སྦྱོང་བྱེད་བཞིན་ཡོད་པ།

2020-03-26
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དགོན་སྡེ་ཁག་སྒོ་རྒྱག་པར་བརྟེན་ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་གྲྭ་པ་རྣམས་ཀྱི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཆེད་དུ་དགེ་བསྐོས་ཀྱི་སྟངས་འཛིན་འོག་དཔེ་མཚམས་དང་། རང་སྦྱོང་སོགས་བྱེད་བཞིན་གནས་ཡོད་འདུག
ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དགོན་སྡེ་ཁག་སྒོ་རྒྱག་པར་བརྟེན་ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་གྲྭ་པ་རྣམས་ཀྱི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཆེད་དུ་དགེ་བསྐོས་ཀྱི་སྟངས་འཛིན་འོག་དཔེ་མཚམས་དང་། རང་སྦྱོང་སོགས་བྱེད་བཞིན་གནས་ཡོད་འདུག
བློ་བཟང་།

༄༅།།རྒྱ་གར་དབུས་དང་མངའ་སྡེ་གཞུང་གིས་རིམས་ནད་གསར་པ་སྔོན་འགོག་ཆེད་བཀོད་ཁྱབ་རབས་དང་རིམ་པར་བཏང་བར་བརྟེན། བོད་མིའི་སློབ་གྲྭ་ཁག་དང་དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་ཀྱང་ཚོགས་ཆོས་ར་མཚམས་འཇོག་དང་། ཕྱི་ནང་གི་འགྲོ་འོང་ཡོངས་རྫོགས་བསྡམས་ནས་ཡོད་པ་རེད། ལྷག་པར་དུ་འདིར་ལྡེ་ར་ལྡུན་ཁུལ་གྱི་དགོན་སྡེ་གྲྭ་ཚང་ཁག་ལས་བྱེས་ཀྱི་གདན་ས་འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་ཡན་ལག་དང་བཅས་པས་ཚོགས་ཆོས་ར་གཙོས་ནང་གི་བྱེད་སྒོ་ཡོངས་སུ་རྫོགས་པ་མཚམས་འཇོག་གིས་གྲྭ་པ་རྣམས་སོ་སོའི་ཤག་ཏུ་དཔེ་མཚམས་བྱས་ནས་བཞུགས་ཡོད་པ་རེད་འདུག
ད་དུང་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་ལྟ་བུ་ལ་མཚོན་ན་ནད་རིམས་གསར་པ་རྒྱ་གར་ནང་ཐོན་མ་ཐག་ཕྱི་ནང་གི་འགྲོ་འོང་བཀག་བསྡོམས་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཕྱི་ནང་གི་འགྲོ་འོང་རྩ་བ་ནས་བྱེད་ཆོག་གི་མེད་ཅིང་། གལ་སྲིད་གནད་ཡོད་མི་སྣ་ཁག་བཤད་གྲྭ་ནང་ཡོང་དགོས་འཁེལ་ན་བརྒྱ་སྒོ་འཁྲིས་ནས་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ་གཏན་འབེབས་བྱས་པའི་སྣེ་ལེན་ཁང་རང་ལ་བསུས་ནས་དུག་སེལ་སོགས་བྱེད་དགོས་ཀྱི་ཡོད་པ་དང་། ད་དུང་དགོན་པའི་སྤྱི་ཐབ་ནང་སྔོ་ཚལ་སོགས་ཕྱི་ལོགས་ནས་ཉོ་དགོས་འཁེལ་གྱི་ཡོད་པར་བརྟེན། སྔོ་ཚལ་རིགས་ལ་དུག་སེལ་སོགས་ཚུལ་བཞིན་བྱེད་བཞིན་ཡོད་པ་རེད་འདུག
ཡང་དཔལ་ས་སྐྱའི་ཆོས་སྒར་ཡན་ལག་དང་བཅས་པ། དེ་བཞིན་དོན་གྲུབ་གླིང་དུ་ཆགས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་དང་། བཀའ་བརྒྱུད་དགོན། བཀྲ་ཤིས་འཁྱིལ་དགོན་པ་བཅས་ལ་ད་ལྟའི་ཆར་དབུས་དང་མངའ་སྡེ་གཞུང་ནས་ཚོགས་ཆོས་ར་མཚམས་འཇོག་དགོས་པའི་བཀོད་ཁྱབ་འབྱོར་མེད་ཀྱང་། ཕྱི་ནང་གི་འགྲོ་འོང་བཀག་བསྡོམས་དང་། གྲྭ་པ་རྣམས་གཏན་འབེབས་དུས་ཚོད་ལྟར་སོ་སོའི་གྲྭ་ཤག་ནང་དགེ་བསྐོས་ཀྱི་ལྟ་རྟོགས་འོག་རང་སྦྱོང་བྱས་ཏེ་སྡོད་མུས་ཡིན་པ་རེད་འདུག
སྤྱིར་སྟངས་རྒྱ་གར་དབུས་དང་མངའ་སྡེ་གཞུང་གིས་ཛ་དྲག་གི་བཀོད་ཁྱབ་འབྱོར་ཡོད་ཀྱང་། རྒྱ་གར་ཡུལ་མི་དང་བོད་པ་ཁག་ཅིག་གིས་ལྷོད་གཡེང་ལྟ་བུའི་གཏན་འབེབས་ཀྱི་དུས་ཚོད་ནང་ཕྱི་ལོགས་སུ་འགྲོ་བ་སོགས་བྱེད་བཞིན་ཡོད་པར་བརྟེན། རྒྱ་གར་ཉེན་རྟོགས་པས་རྒྱ་གར་དང་བོད་པ་འགའ་ཞིག་བཀག་ཉར་ཡང་བྱས་པ་བཅས་ལ་བརྟེན་འདི་ཟླའི་ཚེས་༢༥ ནས་བཟུང་གཞིས་སྒར་ནང་གི་སྤྱི་བརྒྱ་དང་གཞོན་ནུ་ཐུན་མོང་གིས་ཐོག་ནས་དམ་དྲག་བྱེད་པའི་འགོ་བཙུགས་པ་ནས་བཟུང་གཏན་འབེབས་དུས་ཚོད་ལས་བརྒལ་བར་འགྲོ་འོང་བྱེད་མཁན་མེད་པ་ཆགས་ཡོད་འདུག
རྩ་བའི་སྲིད་བློན་མོ་དྷི་མཆོག་ནས་དམངས་ལ་དཀའ་ངལ་ཐོལ་པ་མི་འཕྲད་པའི་ཆེད་བཟའ་བཅའ་ཚོང་ཁང་དང་སྨན་ཚོང་ཁང་སོགས་སྒོ་ཕྱེ་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་། དགོན་པ་གྲྭ་ཚང་ཕལ་ཆེ་བས་སྔར་ཚུད་ནས་བཟའ་བཅའ་སྐམ་པོའི་རིགས་གྲ་སྒྲིག་བྱས་ཡོད་པས་དེའི་ཐད་དཀའ་ངལ་གང་ཡང་འཕྲད་ཀྱི་མེད་པ་དང་། ཚོགས་ཆོས་ར་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་བྱེད་ཐུབ་ཀྱི་མེད་ཀྱང་གྲྭ་པ་རྣམས་ཀྱི་ཤེས་ཡོན་ཐོག་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ལས་ཀྱི་སྣེ་མོ་བ་ཚོས་སྟངས་འཛིན་འོག་དཔེ་མཚམས་དང་། རང་སྦྱོང་སོགས་དུས་ཚོད་ཚད་བཀག་གིས་བྱེད་བཅུག་གི་ཡོད་པ་རེད་འདུག ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་ནས།།

མཆན། (0)
Share
དྲ་གནས་ཆ་ཚང༌།