རྒྱ་གཞུང་གིས་ཨ་རུ་ན་ཅལ་གྱི་ས་ཁུལ་ ༢༣ ལ་མིང་བཏགས་པར་རྒྱ་གར་གཞུང་གིས་རྒོལ་ལན་སློག་པ།

རྒྱ་གཞུང་གིས་ཨ་རུ་ན་ཅཱལ་གྱི་ས་ཁུལ་ ༢༣ ལ་མིང་བཏགས་པར་རྒྱ་གར་གཞུང་གིས་ངོས་ལེན་མེད་སྐོར་ལན་འདེབས་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་སླར་ཡང་བོད་ཀྱི་ལྷོ་ཕྱོགས་སུ་ས་མཚམས་འཁེལ་བའི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་ཁུལ་ཁག་ཉི་ཤུ་རྩ་གསུམ་ལ་རྒྱའི་མིང་གསར་པ་བཏགས་སྟེ་ས་ཁུལ་དེ་དག་ཐོག་རྒྱ་ནག་གིས་བདག་དབང་ཡོད་ཚུལ་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་གིས་ངོས་ལེན་མེད་སྐོར་ལན་འདེབས་བྱས་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་ (Guo Jiakun) གྱིས་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་ཨ་རུ་ན་ཅལ་ནི་རྒྱ་ནག་གི་ས་ཁུལ་ཞིག་ཡིན་པ་དང་། རྒྱ་གར་གྱིས་ཁྲིམས་འགལ་ཐོག་ནས་བདག་བཟུང་བྱེད་པ་ཞིག་ཡིན་པར་བརྗོད་དེ་རྒྱ་ནག་གིས་ངོས་ནས་དེར་དུས་ནམ་ཡང་ངོས་ལེན་མེད་ཅེས་བརྗོད་ཡོད་པ་རེད། ད་དུང་རྒྱ་ནག་གཞུང་ཕྱོགས་ནས་ཨ་རུ་ན་ཅལ་གྱི་ས་ཁུལ་མང་པོར་མིང་གཏན་འབེབས་བྱས་པ་དེ་རྒྱ་ནག་གི་དབང་ཚད་དང་བདག་དབང་ཡིན་ཚུལ་བརྗོད་ཡོད་པ་རེད།

འོན་ཀྱང་རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ (Randhir Jaiswal) ལགས་ཀྱིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་པས་རྒྱ་ནག་གཞུང་ཕྱོགས་ནས་འདི་ལྟ་བུའི་གཞི་རྩ་མེད་པའི་ལོ་རྒྱུས་ལ་འཁྱོག་བཤད་དང་འབྲི་རྩོམ་བྱེད་པ་དེས་དངོས་ཡོད་གནས་སྟངས་ལ་བརྗེ་སྒྱུར་གཏོང་ཐུབ་ཀྱི་མ་རེད་ཅེས་རྒྱ་ནག་གཞུང་གི་འདོད་ཕྱོགས་ལ་ངོས་ལེན་མེད་པའི་ལན་འདེབས་བྱས་ཡོད་པ་རེད།

ཨ་རུ་ན་ཅལ་མངའ་སྡེའི་མོན་ཏ་ཝང་ཁུལ་དུ་ཡོད་པའི་སྟོན་པའི་སྐུ་བརྙན། ༢༠༡༧ ཟླ་ ༤ ཚེས་ ༩
མོན་ཏ་ཝང་ཁུལ་དུ་སྟོན་པའི་སྐུ་བརྙན། ཨ་རུ་ན་ཅལ་མངའ་སྡེའི་མོན་ཏ་ཝང་ཁུལ་དུ་ཡོད་པའི་སྟོན་པའི་སྐུ་བརྙན། ༢༠༡༧ ཟླ་ ༤ ཚེས་ ༩ (Anuwar Hazarika/REUTERS)

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་རྒྱ་ནག་གི་གནད་དོན་ཐད་ཞིབ་འཇུག་དང་ཐབས་བྱུས་བསྟི་གནས་ཁང་གི་ཉམས་ཞིབ་པ་ (Namrata Hasija) ལགས་ཀྱིས་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་ཁ་གཏད་དུ་ས་ཁྲ་གསར་པ་འདོན་རྒྱུ་གནད་འགག་ཆེན་པོ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་ཁུལ་དུ་མིང་གསར་པ་བཏགས་པ་དེ་ནི་གནས་ཚུལ་གསར་པ་ཞིག་མ་རེད། འདི་ནི་ཁོང་ཚོས་རྒྱུན་ལྡན་སྤེལ་བའི་བྱ་སྤྱོད་ཅིག་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ལོ་རྒྱུས་ལ་གཞི་རྩ་མེད་པའི་འཁྱོག་བཤད་དང་འབྲི་རྩོམ། ལོ་ལྟར་ས་ཁྲ་བསྐྱར་བཅོས་ཀྱི་པར་སྐྲུན་འགྲེམས་སྤེལ་གང་མང་བྱེད་རྒྱུ་དེ་རེད། དེར་བརྟེན་རྒྱ་གར་ངོས་ནས་དེ་མཚུངས་ས་ཁྲ་གང་མང་འདོན་ཏེ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་སྤེལ་ཐུབ་པ་བྱ་རྒྱུ་གལ་ཆེ་རེད་ཅེས་གསུངས་བྱུང་།

བོད་རིག་པ་བ་ (Claude Arpi) ལགས་ཀྱིས། ངའི་བསམ་པར་རྒྱ་ནག་གཞུང་ཕྱོགས་ནས་ཨ་རུ་ན་ཅལ་ནང་གི་ས་ཆའི་མིང་གསར་བཟོ་བྱེད་བཞིན་པ་དེའི་རྒྱབ་ལ་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གཞུང་དང་རྒྱལ་སྤྱིའི་གསར་ཁང་གིས་རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་མཚམས་ཡར་ཀླུང་གཙང་པོའི་སྨད་ཕྱོགས་ཀྱི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཤིག་རྒྱག་བཞིན་པའི་གནས་དོན་ཐོག་སྣང་བ་གཡེང་དུ་འཇུག་རྒྱུར་དམིགས་པ་མངོན་གྱི་འདུག་ཅེས་གསུངས་བྱུང་།

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཁག་ལ་དེ་ལྟ་བུའི་མིང་གསར་པ་བཏགས་པ་དེ་ནི་ད་རེས་ཐེངས་དྲུག་པ་ཆགས་ཀྱི་ཡོད་པ་དང་དེ་སྔ་ཕྱི་ལོ་ ༢༠༡༧ དང་། ༢༠༢༡ ༢༠༢༣ ༢༠༢༤ ༢༠༢༥ སོ་སོར་མངའ་སྡེ་དེའི་ས་གནས་ཁག་ཅིག་ལ་མིང་གསར་པ་བཏགས་མྱོང་ཡོད་པ་རེད།།

ཁ་སྣོན་གསར་འགོད། བཀྲ་དབང་།