བལ་ཡུལ་ནང་བོད་དང་ཐའེ་ཝན་གྱི་ལས་འགུལ་བཀག་དགོས་པའི་རྒྱ་ནག་གི་དགོས་འདུན།

བལ་ཡུལ་གྱི་གཞུང་འཛིན་གསར་པར་བལ་ཡུལ་ནང་བོད་དང་ཐའེ་ཝན་དང་འབྲེལ་བའི་ལས་འགུལ་རིགས་བཀག་སྡོམ་མུ་མཐུད་བྱེད་དགོས་སྐོར་རྒྱ་ནག་གཞུང་གིས་དགོས་འདུན་བཏོན་ཡོད་པ།

རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་འཛིན་གསར་པར་བལ་ཡུལ་ནང་བོད་དང་ཐའེ་ཝན་འབྲེལ་བའི་ལས་འགུལ་རིགས་བཀག་འགོག་མུ་མཐུད་བྱེད་དགོས་པའི་དགོས་འདུན་བཏོན་འདུག

ཕྱི་ཟླ་ ༤ ཚེས་ ༡༣ ཉིན་བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཀྲང་མའོ་མིང་ (Zhang Maoming) གིས་བལ་ཡུལ་ནང་སྲིད་བློན་ཆེན་གསར་པ་སུ་དཱན་སྒུ་རུང་དང་ཐུག་འཕྲད་ཀྱིས། ཁོང་ལ་བལ་ཡུལ་ནང་བོད་མི་དང་ཐའེ་ཝན་རྒྱ་རིཊ་ཀྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་ལ་གནོད་པའི་ལས་འགུལ་རིགས་སྤེལ་རྒྱུར་བཀག་སྡོམ་བྱ་དགོས་པའི་ཉེན་བརྡ་བསྐྱར་ནན་བཏང་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་བོད་མི་ཁྲི་ཚོ་མང་པོ་བཙན་བྱོལ་དུ་ཡོང་དགོས་བྱུང་པ་དང་། དེའི་ནང་ནས་བོད་མི་ཆིག་ཁྲི་ལྷག་བལ་ཡུལ་ནང་སྐྱབས་བཅོལ་དུ་གནས་ཤིང་། ད་བར་བལ་ཡུལ་གཞུང་མང་གཉིས་ཀྱི་ངོས་ནས་གཟིགས་རྟོགས་དང་མཐུན་འགྱུར་གང་ཡོང་གནང་ཡོད་པ་རེད། ཉེ་ལམ་བལ་ཡུལ་ནང་གཞོན་སྐྱེས་ཀྱི་མངོན་འདོད་མཚོན་པའི་གཞུང་འཛིན་གསར་པས་འགན་ཁུར་བླངས་པ་དེའི་འོག་ཁུལ་དེར་གནས་སྡོད་བོད་མི་བཙན་བྱོལ་བའི་ཐོག་ལ་འཛིན་ཕྱོགས་ཀྱི་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད་མིན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བལ་ཡུལ་ནང་སྲིད་ལྷན་ཁང་ལ་ཡིག་ཐོག་ནས་འབྲེལ་བ་ཞུས་ཀྱང་ད་ལྟ་ལན་འདེབས་འབྱོར་མ་བྱུང་།

འོན་ཀྱང་བལ་ཡུལ་ནང་གི་གསར་འགོད་པ་བགྲེས་པ་གྷ་ཇེན་དྷ་ར་བྷ་སེ་ནེཊ་ལགས་ཀྱིས། བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད་ཀྱི་མ་རེད་ཅེས་གསུངས་བྱུང་།

ཁོང་གིས་ད་དུང་། རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་ཐོག་ཚོར་བ་རྣོ་པོ་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་དུས་བལ་ཡུལ་གཞུང་ཕྱོགས་ནས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་གནོད་པའི་ལས་འགུལ་རིགས་མི་ཡོང་བའི་ཆེད་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ལག་བསྟར་ཡོང་ཆེད་དོ་དམ་དུ་གཏོང་སྲིད་པ་རེད། འོན་ཀྱང་བལ་ཡུལ་གཞུང་ཕྱོགས་ནས་བོད་མིའི་ཐོག་ཧ་ཅང་བསུན་གཙེར་དང་གཉའ་གནོན་དུས་ནམ་ཡང་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན་བལ་ཡུལ་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་མི་རི་ཀ་དབུས་ནུབ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་འབྲེལ་ལམ་མུ་མཐུད་གནས་བྱུསདགོས་པར་བརྟེན། བལ་ཡུལ་གཞུང་གིས་བར་གནས་ཀྱི་སྲིད་བྱུས་ལངས་ཕྱོགས་ཤིག་འཛིན་སྲིད་པ་རེད་ཅེས་གསུངས་བྱུང་།

བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧུ་རན་ཡན་ལག་གི་ཚོགས་གཞོན་དང་བལ་ཡུལ་ཆབ་སྲིད་ཐོག་རྒྱུས་མངའ་ཡོད་མཁན་བཟང་པོ་ལགས་ཀྱིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཡག་ཏུ་མ་འགྲོ་ན་ཡང་སྡུག་ཏུ་འགྲོ་གྱི་མ་རེད་ཅེས་གསུངས་བྱུང་།

ད་ལྟའི་ཆར་བལ་ཡུལ་ནང་ཉུང་མཐར་བོད་མི་ཆིག་ཁྲི་ལྷག་གནས་སྡོད་བྱེད་བཞིན་ཡོད་པ་དང་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་ཆེ་ཤོས་ཤིག་ནི་བལ་ཡུལ་གཞུང་གིས་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་མེད་པ་དང་དེའི་རྐྱེན་གྱིས་སློབ་གཉེར་དང་ཚོང་ལས་ཆེད་ཕྱི་རྒྱལ་ལ་བསྐྱོད་རྒྱུ་དང་སྤྱི་ཚོགས་ནང་ལས་དོན་འགྲུབ་རྒྱུ་སོགས་ལ་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་པ་རེད་ལ། བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུ་ཕྱི་ལོ་ ༡༩༩༥ ལོ་ནས་མཚམས་འཇོག་བྱས་ནའང་། རྒྱལ་སྤྱིའི་གནོན་ཤུགས་འོག་བལ་ཡུལ་ནང་གི་གཞུང་འཛིན་ཁག་ཅིག་གིས་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུའི་ལས་གཞི་དེ་བསྐྱར་མཐུད་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ལས་གཞི་དེ་བསྐྱར་མཐུད་བྱེད་རྒྱུར་མུ་མཐུད་འགོག་རྐྱེན་འཕྲད་ཡོད་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།