སྲིད་བློན་མོ་དྷི་མཆོག་གིས་གཡུ་ཐོག་སྨན་གྱི་མཐོ་སློབ་དང་སྨན་ཁང་དབུ་འབྱེད་གནང་པ།
རྒྱ་གར་གྱི་སྲིད་བློན་ན་རནདྲ་མོ་དྷི་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༨ ཉིན་དྲྭ་ཐོག་ནས་ལྦཱར་ཎ་སིའི་ནང་ལྦཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་གཡུ་ཐོག་སྨན་གྱི་མཐོ་སློབ་དང་སྨན་ཁང་དབུ་འབྱེད་གནང་འདུག གཡུ་ཐོག་སྨན་ཁང་དེ་བཞིན་ད་ལྟའི་ཆར་རྒྱ་གར་གཞུང་གིས་ཕྱག་གྲོན་བཏང་བའི་ཐོག་ནས་རྒྱ་གར་ནང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་པྲོཕེསར་ཌོག་ཌར་ནེ་གྷི་དབང་ཕྱུག་རྡོ་རྗེ་ལགས་ཀྱིས། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་དབུ་འབྱེད་གནང་པའི་སྨན་ཁང་དང་མཐོ་སློབ་གཉིས་ཀ་ཡོད་པའི་གཡུ་ཐོག་གསོ་བ་རིག་པའི་བསྟི་གནས་འདི་བཞིན་ཕྱི་ལོ་ ༢༠༡༩ ནས་འཛུགས་སྐྲུན་ཞུ་རྒྱུ་འགོ་འཛུགས་བྱས་ཡོད་ཀྱང་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཆེ་བའི་རྐྱེན་གྱིས་ལས་གཞི་འདི་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་པ་དང་སྦྲགས། ཐོག་རྩེག་དྲུག་ཅན་གྱི་གཡུ་ཐོག་སྨན་ཁང་འཛུགས་སྐྲུན་གྱི་ཆེད་རྒྱ་གར་གཞུང་གིས་ཧིན་སྒོར་བྱེ་བ་ (crore) ༦༥ འགྲོ་སོང་བཏང་ཡོད་སྐོར་དང་། འདི་ནི་རྒྱ་གར་གཞུང་གྱིས་གནའ་བོའི་ཆོས་དང་རིག་གཞུང་གཅེས་འཛིན་གནང་རྒྱུར་དོ་སྣང་གནང་གི་ཡོད་པའི་རྣམ་པ་ཞིག་མཐོང་གི་འདུག་ཅེས་གསུངས་བྱུང་།
གཡུ་ཐོག་གསོ་རིག་མཐོ་སློབ་ཀྱི་རིག་སྡེ་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གསོ་བ་རིག་པའི་མཐོ་སློབ་སྐོར་དང་འབྲེལ། ཕྱི་ལོ་ ༡༩༩༦ ནས་འགོ་འཛུགས་ཞུས་པའི་སྨན་སྦྱོར་ཁང་དུ་ད་ལྟའི་ཆར་སྨན་རིགས་ ༢༠༠ ཙམ་བཟོ་སྐྲུན་གནང་གི་ཡོད་པ་དང་། དེའི་ཁོངས་ཐང་དང་། རིལ་བུ། སྣུམ། རྣ་བ་དང་མིག་ནང་བླུགས་བྱེད་ཀྱི་སྨན་སོགས་ཚུད་ཡོད་ཅིང་། ད་ལྟའི་ཆར་གསོ་བ་རིག་པའི་སྡེ་ཚན་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་བརྒྱད་བཅུ་གྱ་གྲངས་ཤིག་ཡོད་ཅིང་སློབ་ཐོན་ཟིན་པ་བརྒྱ་ལྷག་བྱུང་ཡོད་སྐོར་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
