རྒྱ་གར་ནང་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་འབྲེལ་བ་རྩ་ཆེན་ཞིག་ཡོད་སྐོར་གསུངས་པ།

ལ་དྭགས་དང་བོད་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་ཚོང་འབྲེལ་དང་ནང་ཆོས་ཀྱི་ཐོག་ནས་འབྲེལ་བ་བཟང་པོ་ཡོད་སྐོར་གསུངས་པ།

རྒྱ་གར་ནང་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་འབྲེལ་བ་རྩ་ཆེན་ཞིག་ཡོད་སྐོར་གསུངས་པ།

གནས་བརྟན་སྡེ་པའི་ལུགས་ལྟར་སངས་རྒྱས་ཐུགས་རྗེ་ཅན་གྱི་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་དེ་བཞིན་རྒྱ་གར་སོགས་ཡུལ་གྲུ་མང་པོར་ལོ་ལྟར་བོད་ཟླ་ ༣ ཚེས་ ༡༥ ཉིན་བརྩི་སྲུང་ཞུ་ཡི་ཡོད་པ་བཞིན་ད་རེས་ལ་དྭགས་ས་གནས་སུ་སངས་རྒྱས་ཀྱི་རིང་སྲེལ་རིན་པོ་ཆེ་གདན་འདྲེན་ཞུས་ཐོག་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་ཨ་མིཏ་ཤྰ་ (Amit Shah) མཆོག་ཆེད་ཕེབས་གནང་སྟེ། དམིགས་བསལ་བོད་དང་འབྲེལ་བ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལ་ཕེབས་སྐབས་སུ་ཐུགས་སྨོན་དང་བཀའ་སློབ་ཇི་ལྟར་སྩོལ་བཞིན་པ་ལྟར། ལ་དྭགས་དང་བོད་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་ཚོང་འབྲེལ་དང་ནང་ཆོས་ཀྱི་ཐོག་ནས་འབྲེལ་བ་བཟང་པོ་ཡོད་པ་དང་། ཡང་ལ་དྭགས་སུ་དར་ཁྱབ་བྱུང་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་ཡ་གྱལ་ཆོས་བརྒྱུད་ཆེན་པོ་བཞིའི་མིང་དོན་ཞུས་གནང་སོང་། དེའི་ནང་ལ་དྭགས་ས་གནས་སུ་ལོ་བརྒྱ་ཕྲག་མང་པོ་ནས་ནང་པའི་ཆོས་དར་ཁྱབ་ཆེན་པོ་བྱུང་པའི་ལུང་པ་ཞིག་ཡིན་པ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ནམ་ཞིག་༧ཞབས་སོར་འཁོད་ན་ས་གནས་འདི་བཞིན་ས་ཁུལ་གཅིག་པུའི་ཐོག་ནས་མ་ཡིན་པར་ནང་པའི་ཆོས་དང་རིག་གཞུང་ཁྱབ་སྤེལ་བྱུང་སའི་ཡུལ་གྱི་ཆ་ནས་གལ་ཆེན་ཞིག་ཡིན་པ་བརྗོད་ཀྱི་ཡོད་ཅེས་གསུངས་སོང་།

ཁོང་གིས་ད་དུང་། ནང་པ་སངས་རྒྱས་པའི་ཆོས་དེ་བདག་གཅེས་བྱེད་ཕྱོགས་ཀྱི་ཐོག་ནས་ཉག་ཕྲ་བའི་དུས་ཤིག་ལ་སླེབས་ཡོད་དུས་ཡུལ་འདི་ནས་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་། དེའི་བརྒྱུད་ནས་རྒྱ་གར་ནས་རྒྱལ་ཁབ་གཞན་མང་པོར་དར་ཁྱབ་བྱུང་ཡོད་ཅེས་གསུངས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིའི་མིང་དོན་གནང་བ་དང་འབྲེལ་དེའི་ནང་གཙོ་བོ་སློབ་སྦྱོང་གཅིག་པུ་མིན་པར་ལག་ལེན་དུ་འགེལ་རྒྱུ་གལ་ཆེ་ཡིན་པ་དང་། ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ལ་དྭགས་སུ་དར་ཁྱབ་བྱུང་བའི་རིམ་པ་བཞི་པ་དེ་དུས་རབས་ ༡༠ དང་ ༡༡ ནང་ལོ་རྩ་བ་རིན་ཆེན་བཟང་པོའི་སྐུ་དུས་སུ་བྱུང་ཡོད་པ་ཡང་ལུང་འདྲེན་གནང་སོང་།

བོད་དང་ལ་དྭགས་ཀྱི་དབར་སྔ་མོ་ནས་ནང་ཆོས་དང་ཚོང་དོན་གྱི་འབྲེལ་བ་ཡོད་སྐོར་ནན་བརྗོད་གནང་པ།
རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མིཏ་ཤཱ་ལ་དྭགས་སུ་ཕེབས་པ། ༢༠༢༦།༥།༡ རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མིཏ་ཤཱ་ལ་དྭགས་སུ་ཕེབས་པ། ༢༠༢༦།༥།༡ (RFA Tibetan)

ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་སྤྱི་ལྷན་ཚོགས་གཉིས་ཀྱིས་འདུ་འཛོམས་ཆེན་པོ་འདི་གོ་སྒྲིག་ཞུས་པ་དང་འབྲེལ། ལ་དྭགས་ནང་ཚོགས་ཀྱི་གཞོན་ནུ་ཚོགས་པའི་དབུ་སྐྱོང་འཇིགས་མེད་རབ་བརྟན་ལགས་ཀྱིས། ལོ་ལྟར་སངས་རྒྱས་ཀྱི་དུས་ཆེན་གསུམ་འཛོམས་དེ་བཞིན་ས་གནས་ཀྱི་མི་མང་དང་སློབ་གྲྭའི་སློབ་ཕྲུག་ཀུན་གྱིས་སངས་རྒྱས་ཀྱི་སྐུ་དང་བཀའ་འགྱུར་དང་བསྟན་འགྱུར་བཅས་བསྣམས་ཏེ་གླེ་རྒྱལ་སའི་རྩེ་མོར་རི་སྐོར་ལ་ཕེབས་སྲོལ་ཡོད་པ་དང་འདི་ལོ་སྟེ་སངས་རྒྱས་རིང་སྲེལ་གདན་ཞུ་བྱུང་ཡོད་སྟབས་ཞི་བའི་འཚལ་དུ་གོ་སྒྲིག་ཞུས་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ལ་དྭགས་སུ་གནས་བརྟན་སྡེ་པའི་ལུགས་ལྟར་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པ་དང་མཉམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་གང་མགྱོགས་ཆིབས་སྒྱུར་བསྐྱང་པའི་རེ་སྨོན་ཞུ་གི་ཡོད་པ་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། རྒྱ་གར་དབུས་གཞུང་གིས་ལས་རིམ་འདི་ཚོའི་ནང་ཕྱག་ལས་དང་དོ་སྣང་གནང་རྒྱུ་དེ་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་། ནང་པ་སངས་རྒྱས་པའི་ཆོས་དང་སངས་རྒྱས་ཀྱི་ཁྱིམ་ནི་རྒྱ་གར་རང་ཡིན་དུས་སྐབས་ཤིག་ལ་ན་ལན་ཌ་གཙུག་ལག་དང་བཅས་པ་མེད་པ་ཆགས་དུས་བོད་ནང་དུ་ནང་ཆོས་བདག་སྲུང་བརྒྱུད་འཛིན་ཞུས་ཡོད་པ་དང་། ད་ཆ་རྒྱ་གར་ནས་ནང་ཆོས་འདི་འཇམ་པོའི་ནུས་སྟོབས་ཀྱི་ཚུལ་དུ་ཕྱིར་འདྲེན་བྱེད་ཀྱི་ཡོད་པ་ཀ་ཝེ་རི་གྷིལ་ལགས་ཀྱིས་གསུངས་བྱུང་། ཁོང་གིས་མུ་འཐུད་དུས་ཆེན་འདིའི་བརྒྱུད་རྒྱ་ནག་ལ་སྤྱི་ཡོངས་ཀྱི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་སྐོར་ཡང་གསུངས་བྱུང་།

སངས་རྒྱས་ཀྱི་རིང་སྲེལ་དེ་བཞིན་ལ་དྭགས་ས་གནས་སུ་ཉིན་ ༡༥ ཙམ་རིང་བཞུགས་ཀྱི་ཡོད་ཅིང་། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལས་ས་ག་ཟླ་བའི་ཚེས་ ༡༥ ཉིན་དུས་ཆེན་གསུམ་འཛོམས་བརྩི་སྲུང་ཞུ་གི་ཡོད་པ་དང་། རིང་མིན་ས་མཚམས་དང་བརྒལ་བའི་ཞི་བདེ་ཞེས་པའི་གླེང་གཞིའི་ཐོག་ལའང་ལས་རིམ་འདྲ་མིན་སྤེལ་རྒྱུ་ཡིན་འདུག