སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ལ་གཟེངས་རྟཊ་ཀྱིས་ཚད་འཇལ་ཐུབ་རྒྱུ་ཞིག་མ་རེད་གསུངས་པ།
རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་ (Kiren Rijiju, Union Minister of Parliamentary Affairs of India) མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་གང་ཟག་དཀྱུས་མ་ཞིག་མ་རེད། ང་རང་རྗེས་འཇུག་པ་ཞིག་ཡིན། ང་རང་བློ་རྩེ་གཅིག་གཏད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མཚན་སྙན་ལ་བལྟས་ན་ཆེ་མཐོང་གང་ཡང་ཞུ་དགོས་ཀྱི་ཡོད་མ་རེད། ཁོང་གི་མཛད་འཕྲིན་ཁག་ནི་གཟེངས་རྟགས་འདི་དག་གིས་ངོས་འཛིན་ཞུ་བའི་ཚོད་དཔག་ལས་འདས་པའི་རླབས་ཆེན་ཞིག་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞུས་དུས་མི་དཀྱུས་མ་སུ་ཞིག་གི་བྱས་རྗེས་དང་ཚད་བསྡུར་ཞུ་རྒྱུ་ཞིག་མ་རེད། ༧གོང་ས་མཆོག་ང་ཚོས་ཆོས་ཀྱི་དབུ་ཁྲིད་གཙོ་བོ་དེ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་བཀའ་ལན་གནང་སྐབས་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་Bharat Ratna འབུལ་དགོས་ཞེས་ལ་དྭགས་གཙོས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་དང་། བླ་ཆེན་དང་དཔོན་རིགས། དེ་བཞིན་རྒྱ་གར་དབུས་དང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་རེ་སྐུལ་ཞུས་དང་ཞུ་བཞིན་ཡོད་པ་རེད། དེ་འབྲེལ་ད་རེས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju, Union Minister of Parliamentary Affairs of India) མཆོག་ཕྱི་ལོ་ ༢༠༢༦ ཕྱི་ཟླ་༥ ཚེས་ ༥ ཉིན་ལ་དྭགས་ས་གནས་སུ་ཕེབས་ཡོད་པ་དང་བསྟུན། ས་གནས་འདིར་སྟོན་པ་ཐུགས་རྗེ་ཅན་གྱི་རིང་སྲེལ་རིན་པོ་ཆེ་བཞུགས་ཡོད་པའི་དུས་སྐབས་ཤིག་འཁེལ་གྱི་ཡོད་པ་རེད།
ལ་དྭགས་ས་གནས་འདི་བཞིན་འཕགས་བོད་གཉིས་ཀྱི་ས་འཚམས་འཁེལ་གྱི་ཡོད་དུས། སངས་རྒྱས་ཀྱི་རིང་སྲེལ་རིན་པོ་ཆེ་ས་གནས་སུ་གདན་ཞུ་ཡོད་པ་འདི་ནི་རྒྱ་གར་གཞུང་གིས་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་གི་ཡོད་པའི་ཁོང་ཁོང་གིས་གསུངས་བྱུང་། དེ་ཡང་ཁོང་གིས་མུ་མཐུད་གསུངས་དོན་དུ། ལ་དྭགས་ས་གནས་སུ་སངས་རྒྱས་ཀྱི་དུས་ཆེན་གསུམ་འཛོམས་དང་བསྟུན་སངས་རྒྱས་ཀྱི་རིང་སྲེལ་གདན་འདྲེན་ཞུ་རྒྱུ་དེ་རྒྱ་གར་དབུས་གཞུང་གིས་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་གི་ཡོད་རེད། སངས་རྒྱས་ཀྱི་རིང་སྲེལ་ཞུས་དུས་རྒྱ་གར་གྱི་མངའ་སྡེ་གང་སར་གདན་ཞུ་ཡི་ཡོད་མ་རེད། རྒྱལ་ཁབ་ཀྱི་འགྲེམ་སྟོན་ཁང་གི་ནང་དུ་བཞུགས་ཡོད་རེད། Piprahwah རིང་སྲེལ་དེ་ལ་དྭགས་མ་གཏོགས་ས་ཆ་གཞན་གང་དུ་ཡང་གདན་འདྲེན་ཞུས་མྱོང་ཡོད་མ་རེད། རྒྱ་གར་གྱི་སྲིད་བློན་མཆོག་ལ་ང་རང་སྒེར་གྱི་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག ཁེ་བཟང་ཆེ་ཤོས་དེ་ལ་དྭགས་ཀྱི་མི་མང་བྱིན་རླབས་ཐོབ་མཁན་ཚོར་ཡོད་པ་རེད། མི་གྲངས་སྟོང་ཕྲག་མང་པོས་མཇལ་ཁ་ཞུ་གི་ཡོད་པ་གོ་དུས་དགའ་བོ་བྱུང་སོང་། ང་རང་ནང་པ་ཞིག་ཡིན་པའི་ཆ་ནས་ལ་དྭགས་མི་མང་ལ་གོ་སྐབས་འདི་ཐོབ་པར་དགའ་བོ་བྱུང་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་རེས་སངས་རྒྱས་ཀྱི་རིང་སྲེལ་རིན་པོ་ཆེ་ལ་དྭགས་ས་གནས་སུ་གདན་ཞུས་ཡོད་པའི་སྐབས་ས་མཚམས་ལས་བརྒལ་བའི་ཞི་བདེ་ཞེས་པའི་གླེང་གཞིའི་ཐོག་ས་གནས་སུ་ལས་རིམ་འདྲ་མིན་སྤེལ་ཡོད་པའི་ཁྲོད་ལ་དྭགས་རྒྱ་གར་དབུས་གཞུང་ནང་པའི་རིག་གནས་སློབ་གྲྭར་༧སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་༧སྐུ་ཐོག་གོང་མའི་རྣམ་ཐར་དང་འབྲེལ་ནས་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དེར་ཀི་རེན་རི་ཇི་ཇུ་མཆོག་སྐུ་མགྲོན་གཙོ་བོར་ས་གནས་སུ་ཆེད་ཕེབས་གནང་བ་ཞིག་རེད་འདུག
པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
