རྒྱ་ནག་ཏུ་གནས་འཁོད་རྒྱ་གར་གྱི་གཞུང་ཚབ་ (Vikram Doraiswami) ལགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཟླ་བ་ལྔ་པའི་ནང་གཞུང་ཚབ་ཀྱི་ལས་འཁུར་བཞེས་ཏེ་ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུའི་ཉིན་བོད་དུ་ཆེད་ཕེབས་ཀྱིས་རྒྱ་གར་གྱི་གནས་མཇལ་བ་རྣམས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་སུ་གནས་མཇལ་དུ་འགྲོ་བར་རྒྱ་ནག་གཞུང་གིས་གནས་སྐོར་གྱི་གྲ་སྒྲིག་ལ་བསྐྱར་ཞིབ་ཆེད། བོད་དུ་ཆེད་ཕེབས་ཀྱིས་འབྲེལ་ཡོད་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་དང་ཐུག་འཕྲད་གནང་འདུག དེ་ནི་ཁོང་གཞུང་ཚབ་པའི་ལས་འཁུར་བཞེས་པ་ནས་བཟུང་བོད་དུ་ཕེབས་པའི་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གནད་དོན་དེ་འབྲེལ་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ (Vinayak Bhatt) ལགས་ཀྱིས། རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་སར་ནས་གནས་ཆེན་གངས་རིན་པོ་ཆེ་དང་ཉེ་འཁོར་གྱི་ས་ཁུལ་རྣམས་ཕྱིར་ལེན་དགོས་ཏེ། དེ་ནི་གནའ་དུས་ནས་རྒྱ་གར་ལ་དབང་བའི་ཆེས་རྩ་ཆེ་བའི་ས་ཁུལ་ཞིག་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ།
རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། ཐེངས་འདིའི་རྒྱ་གར་གཞུང་ཚབ་ཀྱི་བོད་ནང་དུ་འཚམས་གཟིགས་གནང་བཞིན་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་ཆོག་ལ། དེས་རྒྱལ་ཁབ་ཕྱོགས་གཉིས་ཀར་ཁེ་ཕན་བྱུང་ངེས་ཡིན། ཐེངས་འདིའི་གཞུང་ཚབ་ཀྱི་བོད་དུ་ཕྱོགས་བསྐྱོད་དེས་བོད་ཀྱི་གནད་དོན་ཐད་ཁྱད་པར་གང་ཡང་བཟོ་མི་སྲིད་པར་བསམ་ཡང་། སྲིད་འཛིན་ཟི་ཅིན་ཕིང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གིས་རྒྱ་གར་ལ་དམིགས་གཏད་བྱེད་བཞིན་ཡོད་པ་ནི་ངེས་གཏན་རེད། འོན་ཀྱང་དེ་ལྟ་བུའི་འགྲུལ་བཞུད་འདིས་རྒྱ་གར་གྱི་བོད་དོན་སྲིད་བྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད། ཅེས་གསུངས་བྱུང་།
དེ་ཡང་རྒྱ་གར་གྱི་གནས་མཇལ་བ་རྣམས་གངས་རིན་པོ་ཆེར་གནས་སྐོར་དུ་བསྐྱོད་རྒྱུ་དེ་བཞིན་ལོ་ཤས་རིང་མཚམས་ཆད་ཡོད་ལ། དེ་ཡང་རྒྱ་ནག་ནང་དང་ལྷག་པར་འཛམ་གླིང་སྤྱི་ལ་ཏོག་དབྱིབས་ནད་ཡམས་ ༡༩འགོས་ཁྱབ་ཤུགས་ཆེན་པོར་གྱུར་པ་བརྒྱུད། ཕྱི་ལོ་༢༠༢༠ལོ་ནས་བཟུང་རྒྱ་གར་གི་ཧིན་དུའི་ཆོས་དད་པ་རྣམས་བོད་ནང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་འགྲོ་རྒྱུ་མཚམས་འཇོག་བྱེད་དགོས་བྱུང་ཞིང་། དེ་རྗེས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་༤ཡི་ཚེ་སྲོག་ཤོར་རྗེས། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད། རྒྱ་དཀར་ནག་གཉིས་ཀས་མཐའ་མཚམས་སུ་འཛུགས་སྐྲུན་དང་མཐའ་མཚམས་ཀྱི་དམག་དོན་ལ་དོ་སྣང་ཆེན་པོས་འཛུགས་སྐྲུན་བྱས་པ་སོགས་བྱས་ཏེ། མུ་མཐུད་རྒྱ་གར་གྱི་གནས་མཇལ་བ་རྣམས་གངས་རིན་པོ་ཆེར་གནས་སྐོར་དུ་བསྐྱོད་རྒྱུ་དེ་བཞིན་མཚམས་ཆད་ཡོད་པ་རེད།
འོན་ཀྱང་ཕྱི་ལོ ༢༠༢༤ ཟླ་ ༡༠ པའི་ཚེས་ ༢༣ ཉིན་ཨུ་རུ་སུའི་གྲོང་ཁྱེར་ཀ་ཛན་(Kazan)དུ་འཚོགས་པའི་བྷི་རིག་སི་(BRICS)ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཞོར་དུ་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་ (Narendra Modi) དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་དབར་ཐུག་འཕྲད་སྐབས། དབུ་ཁྲིད་རྣམ་གཉིས་དབར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་མཉམ་ལས་བྱ་རྒྱུ་སོགས་ཀྱི་སྐོར་གླེང་སློང་གནང་སྟེ། རྒྱ་གར་གྱི་གནས་སྐོར་བ་རྣམས་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་བསྐྱོད་རྒྱུ་འགོ་འཛུགས་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་འདུག
རྒྱ་མཚོའི་ངོས་ནས་མཐོ་ཚད་ཧྥི་ཁྲེ་ཉིས་ཁྲི་ཆིག་སྟོང་ལྷག་ཡོད་པའི་བོད་ཀྱི་སྟོད་གངས་རིན་པོ་ཆེ་ནི། གཡུང་དྲུང་བོན་ཆོས་དང་ནང་པའི་ཆོས་ལུགས། མུ་སྟེགས་པའི་ཆོས་ལུགས་བཅས་ཀྱི་གནས་མཆོག་ཁྱད་པར་ཅན་དུ་བརྩི་སྲོལ་ཡོད་པ་བཞིན། དམིགས་བསལ་རྒྱ་གར་གྱི་རིག་བྱེད་པའམ་ཧིན་ངྷུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ། སྲས་ཚོགས་བདག་སོགས་གངས་རིན་པོ་ཆེར་བཞུགས་ཡོད་པའི་ཡིད་ཆེས་གནང་ལམ་ཡོད་པར་བརྟེན། གངས་རིན་པོ་ཆེ་དང་མཚོ་མ་ཕམ་ནི་གནས་གལ་འགངས་ཅན་དང་བྱིན་རླབས་ཆེན་པོར་བརྩི་སྲོལ་ཡོད་པ་རེད།
རྩ་བའི་ཐེངས་འདིར་རྒྱ་ནག་ཏུ་གནས་འཁོད་རྒྱ་གར་གྱི་གཞུང་ཚབ་ (Vikram Doraiswami) ལགས་བོད་དུ་ཕེབས་པ་ནི་རྒྱ་གར་གྱི་གཞུང་ཚབ་ཐོག་མ་དེ་མ་ཡིན་ཏེ། དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ (Shivshankar Menon) ལགས་གཞུང་ཚབ་གནང་སྐབས་སུ་དང་། ཕྱི་ལོ་ ༢༠༡༢ ལོར་ (S. Jaishankar) ལགས་ཏེ་ད་ལྟའི་ཆར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེནགནང་བཞིན་པ་ཁོང་རྣམ་པ་གཉིས་ཀས་བོད་དུ་འཚམས་གཟིགས་སུ་ཐེངས་རེ་ཕེབས་མྱོང་ཡོད་པ་རེད་འདུག།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
