རྣ་ཐོས་ལར་ལོ་ ༦ རྗེས་ཚོང་ལམ་སྒོ་མོ་སླར་ཡང་ཕྱེ་འདུག

འབྲས་ལྗོངས་ཀྱི་ཚོང་པ་ཚོས་ཁྲོམ་རྭའི་ནང་བོད་ནས་འབྱོར་བའི་ཅ་དངོས་དེ་དག་རིན་གོང་ཆུང་བས་ཕན་ཐོཊ་ཡོད་པ་བརྗོད་མཁན་འདུག

རྒྱ་གར་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་རྣ་ཐོས་ལར་རྒྱ་དཀར་ནག་གཉིས་དབར་ལོ་དྲུག་གི་རྗེས་ཚོང་འབྲེལ་གྱི་སྒོ་མོ་སླར་ཡང་ཕྱེ་འདུག

འབྲས་ལྗོངས་དང་བོད་ཀྱི་ས་མཚམས་རྣ་ཐོས་ལར་རྒྱ་དཀར་ནག་གཉིས་དབར་ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་རིམས་ནད་དང་ས་མཚམས་རྩོད་རྙོག་གྱི་རྐྱེན་པས་ཚོང་འབྲེལ་སྒོ་རྒྱབ་སྟེ་ལོ་དྲུག་ལྷག་ཕྱིན་པའི་རྗེས། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡ ཉིན་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་བགྲོད་ལམ་སླར་ཡང་སྒོ་ཕྱེ་ཡོད་པ་རེད།

སྐབས་དེར་འབྲས་ལྗོངས་མངའ་སྡེའི་ཚོང་དོན་བློན་ཆེན་བྷོ་ཊི་ཡ་ཚེ་རིང་དོན་གྲུབ་ལགས་ཀྱིས། རྣ་ཐོས་ལའི་ཚོང་ལམ་བསྐྱར་མཐུད་བྱུང་པའི་རྗེས། འདིས་འབྲས་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཚོང་པ་དང་ཁེ་ལས་པ་རྣམས་ལ་མ་འོངས་ཕན་ཐོགས་ཡོང་ངེས་རེད་ཅེས་གསུངས་པ་རོའི་ཊརསི་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག

འབྲས་གཞུང་བཟོ་ལས་དང་ཚོང་དོན་དྲུང་ཆེ་ཀརྨ་སྒྲོལ་མ་གཡུ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་པའི་སྐབས། ༢༠༢༦།༨།༤
འབྲས་གཞུང་བཟོ་ལས་དང་ཚོང་དོན་དྲུང་ཆེ། འབྲས་གཞུང་བཟོ་ལས་དང་ཚོང་དོན་དྲུང་ཆེ་ཀརྨ་སྒྲོལ་མ་གཡུ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་པའི་སྐབས། ༢༠༢༦།༨།༤ (RFA Tibetan)

ཡང་འབྲས་ལྗོངས་མངའ་སྡེའི་གཞུང་གི་བཟོ་ལས་དང་ཚོང་འབྲེལ་དྲུང་ཆེ་ཀརྨ་སྒྲོལ་མ་གཡུ་མཚོ་ལགས་ཀྱིས། རྣ་ཐོས་ལའི་ཚོང་ལམ་སྒོ་མོ་ཕྱེ་པ་འདི་ནི། འབྲས་ལྗོངས་གཞུང་མང་གཉིས་ལ་གལ་གནད་ཆེ་བའི་དུས་ཚིགས་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཚོང་ལས་གོ་སྐབས་འདིའི་ཐོག་ནས་གཟིགས་པ་ཡིན་ན། དུས་ཡུན་རིང་པོའི་རྗེས་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་གྱི་བགྲོད་ལམ་སྒོ་མོ་ཕྱེ་པ་དེའི་མཐའ་མཚམས་ཁུལ་དུ་གནས་སྡོད་བྱེད་མཁན་ས་གནས་ཡུལ་མིའི་དཔལ་འབྱོར་དང་འཚོ་བའི་གནས་སྟངས་ཡར་རྒྱས་འགྲོ་བ་ཙམ་དུ་མ་ཟད་མངའ་སྡེ་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ངེས་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ཟླ་ ༨ ཚེས་ ༡ ཉིན་ལོ་དྲུག་གི་རྗེས་བོད་དང་འབྲས་ལྗོངས་དབར་གྱི་ས་མཚམས་རྣ་ཐོས་ལར་ཚོང་ལམ་སྐྱར་དུ་སྒོ་མོ་ཕྱེ་འདུག ༢༠༢༦།༨།༡
རྣ་ཐོས་ལའི་ཚོང་ལམ་ལོ་དྲུག་གི་རྗེས་སྒོ་མ་ཕྱེ་པ། ཕྱི་ཟླ་ ༨ ཚེས་ ༡ ཉིན་ལོ་དྲུག་གི་རྗེས་བོད་དང་འབྲས་ལྗོངས་དབར་གྱི་ས་མཚམས་རྣ་ཐོས་ལར་ཚོང་ལམ་སྐྱར་དུ་སྒོ་མོ་ཕྱེ་འདུག ༢༠༢༦།༨།༡ (REUTERS)

རྣ་ཐོས་ལའི་ཚོང་གཉེར་གྱི་དུས་ཡུན་ནི་ལོ་ལྟར་ཕྱི་ཟླ་ ༥ པའི་ཚེས་ཤར་ནས་ཕྱི་ཟླ་ ༡༡ པའི་ཟླ་མཇུག་བར་དང་གཟའ་འཁོར་གཅིག་གི་ནང་རེས་གཟའ་ཟླ་བ་ནས་ཕུར་བུ་ནམ་ཡིན་ལ་གནང་གི་ཡོད་པ་རེད། རྒྱ་གར་ཕྱོགས་ནས་ཕྱི་ཚོང་དངོས་ཟོག་ཚོང་སྒྱུར་བྱེད་བཞིན་པ་གཙོ་བོ་ནི་བཟའ་འབྲུའི་རིགས་དང་སྣོད་ཆས། དེ་བཞིན་ཀ་ལོན་སྦུག་ནས་ཐོན་པས་ཆོས་རྫས་རིགས་ཡིན་པ་དང་བོད་ནས་ནང་འདྲེན་བྱེད་པའི་དངོས་ཟོག་ཁག་ནི་རྒྱ་ནག་གིས་བཟོས་པས་མལ་གཟན་དང་། ཇ་དམ། དེ་བཞིན་ཕོར་པ། གྱོན་ཆས་སོགས་ཡིན་པ་རེད།

བོད་རྒྱའི་གནད་དོན་ཐད་ཉམས་ཞིབ་གནང་མཁན་ཝི་ཇེ་ཀྲན་ཏི་ལགས་ཀྱིས། ཧིན་བོད་ས་མཚམས་སུ་ཚོང་འབྲེལ་སྒོ་ཕྱེ་པ་དེ་དགའ་བསུ་ཞུ་འོས་པའི་མཚོན་དོན་ཞིག་རེད། འོན་ཀྱང་དེས་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་ལྷིང་འཇགས་ཆགས་པ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡོད་མ་རེད། གང་ལྟར་རྒྱ་ནག་གིས་ལ་དྭགས་གྷལ་ཝན་ལུངས་ཤོངས་སུ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་དམག་མིའི་ཐོག་འཐབ་རྒོལ་བྱས་རྗེས་ས་མཚམས་སུ་ཕྱོགས་གཉིས་ཀྱི་དབར་ཛ་དྲག་གི་གནས་སྟངས་འོག་ནས་ཕྲན་བུ་ལྷིང་འཇགས་ཡོང་བའི་རེ་བ་དང་རྒྱལ་ཁབ་གཉིས་ཀྱི་ཐབས་བྱུས་ཀྱི་ཐོག་ནས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་བཟང་པོ་མེད་པ་དེས་ཕྱོགས་གཉིས་ཀར་ཕན་ཐོགས་མེད་པ་དང་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་བསམ་ཤེས་དང་འབྲེལ་ལམ་ལྷིང་འཇགས་ཡོང་བ་ལ་དུས་ཡུན་རིང་པོ་ཞིག་འགོར་སྲིད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་འབྲས་ལྗོངས་ཀྱི་ས་གནས་ཚོང་པ་མོ་ཧིཊ་ཨ་གྷར་ཝལ་ལགས་ཀྱིས། རྣ་ཐོས་ལའི་ཚོང་ལམ་སྒོ་མོ་ཕྱེ་པ་དེ་ང་ཚོ་ཚང་མར་ཕན་ཐོགས་ཡོང་གི་རེད། ང་རང་ཚོང་གཉེར་བྱེད་ནས་ལོ་བཅོ་བརྒྱད་ཙམ་ཕྱིན་སོང་། ང་ཚོས་རྣ་ཐོས་ལའི་ཚོང་པའི་བརྒྱུད་ནས་དངོས་ཟོག་ཉོ་གི་ཡོད། ས་མཚམས་ཀྱི་ཚོང་འབྲེལ་དེའི་བརྒྱུད་རྣ་ཐོས་ལའི་ཚོང་པ་དང་དངོས་ཟོག་ཉོ་མཁན། དེ་བཞིན་ང་ཚོ་ཚང་མར་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་བྱུང་།

ཕྱི་ཟླ་ ༨ ཚེས་ ༡ ཉིན་ལོ་དྲུག་གི་རྗེས་བོད་དང་འབྲས་ལྗོངས་དབར་གྱི་ས་མཚམས་རྣ་ཐོས་ལར་ཚོང་ལམ་སྐྱར་དུ་སྒོ་མོ་ཕྱེ་འདུག ༢༠༢༦།༨།༡
རྣ་ཐོས་ལའི་ཚོང་ལམ་སྒོ་སླར་ཡང་ཕྱེ་འདུག ཕྱི་ཟླ་ ༨ ཚེས་ ༡ ཉིན་ལོ་དྲུག་གི་རྗེས་བོད་དང་འབྲས་ལྗོངས་དབར་གྱི་ས་མཚམས་རྣ་ཐོས་ལར་ཚོང་ལམ་སྐྱར་དུ་སྒོ་མོ་ཕྱེ་འདུག ༢༠༢༦།༨།༡ (Reuters)

ཡང་ས་གནས་ཀྱི་ཚོགས་པ་ཝི་ཇེ་པརཱ་སཱཏ་ལགས་ཀྱིས། ཚོང་ལམ་སྒོ་ཕྱེ་པ་དེས་ང་ཚོ་ཚང་མ་ལ་ཡག་པོ་ཡོང་གི་རེད་བསམ་གྱི་འདུག ང་རང་དངོས་སུ་ས་མཚམས་ལ་དངོས་ཟོག་ཉོ་བར་འགྲོ་གྱི་མེད། ང་རང་རྣ་ཐོས་ལའི་ཚོང་པའི་བརྒྱུད་ནས་དངོས་ཟོག་ཉོ་གིན་ཡོད། ཁོང་ཚོ་ལ་དངོས་ཟོག་རིན་གོང་ཁེ་པོ་ཐོབ་དུས་ང་ཚོ་ལ་ཡང་རིན་གོང་ཁེ་པོ་དང་ཁྲོམ་རྭའི་ནང་དངོས་ཟོག་ཉོ་མཁན་ཚོ་ལའང་རིན་གོང་ཁེ་པོའི་ཐོག་ནས་དངོས་ཟོག་ཐོབ་སྟེ་ཚང་མ་ལ་ཕན་ཐོགས་ཡོང་གི་ཡོད་རེད་ཅེས་གསུངས་བྱུང་།

རྣ་ཐོས་ལ་དེ་བཞིན་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༥༠ ཙམ་གྱི་སར་གནས་པའི་ལོ་རྒྱུས་ཐོག་ནས་རྒྱ་གར་དང་བོད་ཀྱི་ས་མཚམས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་མ་ཟད་བོད་ས་མ་ཤོར་གོང་ས་མཚམས་དེའི་བརྒྱུད་བོད་དང་རྒྱ་གར་བར་གྱི་ཚོང་འབྲེལ་བྱས་སའི་བརྒྱུད་ལམ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད།

ད་རེས་ཧིན་བོད་ས་མཚམས་ཀྱི་ཚོང་ལམ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྣ་ཐོས་ལ་དང། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གིས་ཤིཔ་ཀི་ལ། དེ་བཞིན་ཨུ་ཏ་ར་ཁནཌི་མངའ་སྡེའི་ནང་གི་ལི་པུ་ལེཁ་ས་མཚམས་སུ་ཚོང་ལམ་གྱི་རྒྱལ་སྒོ་ཕྱེ་ཡོད་པ་ནི་ས་ཁམས་ཆབ་སྲིད་པ་མང་པོས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།