སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་མཐོལ་བཤགས་ཞུས་སོང་།

2021-10-12
Share
སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་མཐོལ་བཤགས་ཞུས་སོང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་གཉིས་པ། ༡༠།༡༢།༢༡
དྲ་བཤུས།/TTV

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ། སྤྱི་ཟླ་༡༠་པའི་ཚེས་༡༢་ཉིན་བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་མཇུག་སྒྲིལ་ཡོད་པ་དང་། མཇུག་སྒྲིལ་མ་གནང་གོང་སྤྱི་འཐུས་རྣམས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུས་བའི་གྲོས་ཆོད་དང་སྦྲགས། གདུང་ཤུགས་དྲག་པོས་མཐོལ་བཤགས་ཞུས་ཡོད་པ་རེད།
གྲོས་ཚོགས་མཇུག་བསྡོམས་ཀྱི་གསུང་བཤད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གནང་སྐབས། ད་ལན་གྱི་གྲོས་ཚོགས་འདི་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཚོགས་ཐུབ་པ་བྱུང་བ་དང་། གྲོས་ཚོགས་སུ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་གཏན་འབེབས་ཐུབ་པ་དེ། ང་ཚོས་ཇི་སྲིད་འཚོ་ཡི་བར་དུ་མཇུག་སྐྱོང་བྱེད་ཐུབ་པར། གྲོས་ཚོགས་འཐུས་མི་ཚོ་ཙམ་མ་ཟད་གནད་ཡོད་མི་སྣ་དང་། རྒྱ་ཆེའི་མང་ཚོགས་ཚང་མས་འགན་འཁུར་དགོས་པ་རེད་ཅེས་འབོད་སྐུལ་གནང་སོང་།
གཞན་ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། ད་རེས་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་གྲོས་ཚོགས་བསྐྱར་གསོ་བྱུང་ཡོད་པ་དང་། སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་དུས་ཡུན་ངོས་འཛིན་ཐད་ཁྲིམས་སྒྲིག་ཁག་ཏུ་བལྟས་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུས་ཡུན་ལོ་ལྔ་ཡིན་ཞེས་འཁོད་ཡོད་པ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་༣༨་པར་དམ་བཅའ་ཕུལ་ཉིན་ནས་བཟུང་ལོ་ལྔ་རིང་ཡིན་པ་འཁོད་ཡོད་པས། སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་དུས་ཡུན་དེ། སྤྱི་ལོ་༢༠༢༡་ཟླ་བ་༡༠་པའི་ཚེས་༨་ནས། སྤྱི་ལོ་༢༠༢༦་ལོའི་ཟླ་བ་༡༠་པའི་ཚེས་༧་བར་ཡིན་གསལ་བཤད་གནང་ཡོད་པ་རེད།
གྲོས་ཚོགས་ཀྱི་ལས་རིམ་དུ། བོད་ནང་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་སྤྱི་མོས་གྲོས་ཆོད་དང་། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད། བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལན་འདེབས་བཅས་གནང་སྐབས། སྲིད་སྐྱོང་མཆོག་གིས་བཀའ་ཤག་ནས་གྲོས་ཚོགས་ལ་ཆེ་མཐོང་གུས་བརྩི་ལྡན་པའི་སྒོ་ནས་འབྲེལ་བ་བཞག་འདུན་ཡོད་པ་དང་། གྲོས་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་དང་ཆབས་ཅིག སླད་མར་༧གོང་ས་མཆོག་ཐུགས་ཕམ་བྱུང་དགོས་ཀྱི་གནས་སྟངས་རྩ་བ་ནས་མ་བཟོ་རོགས་ཀྱིས་ཞེས་འབོད་སྐུལ་གནང་ཡོད་པ་རེད།
གཞན་ཡང་ཉིན་དེར་ཚོགས་དྲུང་ལས་ཁུངས་ནས་བརྡ་ཐོ་བཏང་སྟེ་སྤྱི་ཟླ་༡༠་པའི་ཚེས་༡༢་ཉིན་གྱི་ཞོགས་པར། སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་རྣམ་པ་ལྷན་རྒྱས་རྒྱས་འཛོམས་བཞུགས་མོལ་ཚོགས་འདུ་ཞིག སྐབས་བཅུ་དྲུག་པའི་སྤྱི་ལྷན་གྱིས་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་༣༩་ཐོག་ཚོགས་འདུ་གནང་ཐབས་བྱས་ཡོད་ཀྱང་། མདོ་སྟོད་དང་ཆོས་རྒྱུད་རྣམ་པ་དང་། དབུས་གཙང་སྤྱི་འཐུས་གཅིག་དང་ཕྱི་རྒྱལ་སྤྱི་འཐུས་བཞི་མ་གཏོགས། དབུས་གཙང་དང་མདོ་སྨད་སྤྱི་འཐུས་རྣམ་པ་ཚོགས་བཅར་མ་གནང་བར་བརྟེན། བཞུགས་མོལ་ཚོགས་འདུ་གནང་ཐུབ་མེད་པར་ལྷག་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་ཐེངས་རྗེས་མ་དེ། སྤྱི་ལོ་༢༠༢༢་ལོའི་སྤྱི་ཟླ་༣་པའི་ནང་འཚོག་རྒྱུའི་ཚོད་རྩིས་གནང་གི་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།