གྲོས་ཚོགས་ནང་ཁྲིམས་འཆར་ཁག་ཅིག་གཏན་འབེབས་བྱུང་ཡོད་ཀྱང་ཆེས་མཐོའི་ཁྲིམས་ཞིབ་པ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་མར་ཟགས་འདུག

2024.03.27
གྲོས་ཚོགས་ནང་ཁྲིམས་འཆར་ཁག་ཅིག་གཏན་འབེབས་བྱུང་ཡོད་ཀྱང་ཆེས་མཐོའི་ཁྲིམས་ཞིབ་པ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་མར་ཟགས་འདུག སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ༠༣།༢༧།༢༠༢༤
CTA

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ཚིག་བརྗོད་རྙིང་པ་རང་འཇགས་ཀྱི་ཐོག་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་ཞེས་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་གནང་ཡོད་ཀྱང་ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་མར་ཟགས་འདུག
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩པ། སྤྱི་ཟླ་༣པའི་ཚེས་༢༧ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་ནི། འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཞིག་ཡིན་ལ། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད་ཅེས་པའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་རྙིང་པ་རང་སོར་བཞག་པའི་ཁ་སྣོན་དུ། “༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་”ཞེས་བསྐྱར་བཅོས་གནང་བ། གྲོས་ཚོགས་སུ་མང་མོས་གཏན་འབེབས་གནང་སོང་།
བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་ཀྱིས་གྲོས་ཚོགས་སུ་བགྲོ་གླེང་གནང་སྐབས། བསྐྱར་བཅོས་དེ་ལ་དགག་བྱ་གནང་མཁན་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས། འདིའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཀྱི་སྐོར་བཅའ་ཁྲིམས་ནང་གསལ་ཁ་བྱེད་པའི་དབང་ཆ་དེ་ང་ཚོ་སུ་ལའང་མེད་པར། འདི་ལ་༧སྐྱབས་མགོན་རིན་པོ་ཆེས་བཀའ་གསལ་བོ་གནང་བ་ཡིག་ཐོག་ཏུ་ཡོད་པ་སོགས་གསལ་སྟོན་གནང་གི་འདུག
ཡང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ནས། བོད་ཀྱི་མངའ་དབང་དང་བདག་དབང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་སྐབས་ནས་ཡོད་བསྡད་པ་ཞིག་ཡིན་དུས། བཅའ་ཁྲིམས་ཀྱི་སྔོན་གླེང་ནང་ཙམ་མིན་པར་དོན་ཚན་དང་པོའི་ནང་ཚུད་དེ། དངོས་སུ་ང་ཚོར་ཁ་སྐོང་ཆེན་པོ་ཞིག་ཆགས་འདུག་སྙམ་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསལ་སྟོན་གནང་སོང་།
ཡང་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་བསྐྱར་བཅོས་ཁྲིམས་འཆར་ཁག་ལ། འཛིན་སྐྱོང་བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་ཁག་ཅིག་ཀྱང་གྲོས་ཚོགས་སུ་བཏོན་ཡོད་པས། བསྐྱར་བཅོས་དང་བཟོ་བཅོས་ཀྱི་ཁྲིམས་འཆར་བདམས་ག་བསྐོར་ཏེ། གྲོས་ཚོགས་སུ་མང་མོས་སྤྱི་མོས་ཀྱིས་གཏན་འབེབས་གནང་པའི་ནང་། དོན་ཚན་ཉེར་ལྔ་བ་བཟོ་བཅོས་ཚིག་བརྗོད་ལྟར། སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག འདེམས་ཐོན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལས་ཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འམ་ཁས་ལེན་བྱེད་དགོས་ཞེས་མང་མོས་གཏན་འབེབས་གནང་ཡོད་པ་རེད།

17th Tibetan Parliament-in-Exile (1).jpg
དོན་ཚན་ཞེ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པའི་ནང་གསེས་གཉིས་པ་དེར། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། འོས་བསྡུ་ཟིན་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྲིད་སྐྱོང་གི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའ་འམ་ཁས་ལེན་བྱེད་དགོས་ཞེས་བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་བཞིན་གྲོས་ཚོགས་སུ་མང་མོས་གཏན་འབེབས་གནང་ཡོད་པ་དང་། དེ་བཞིན་དུ་དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་འབུལ། ནང་གསེས་དང་པོ། འདེམས་ཐོན་སྤྱི་འཐུས་ཡོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་བཞག་བྱ་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་བཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ་ཁྲིམས་ཞིབ་པ་ཆེ་བ་མེད་ཚེ། སྲིད་སྐྱོང་གི་མདུན་སྤྱི་འཐུས་ཀྱི་དམ་འབུལ་བྱེད་དགོས་ཞེས་བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་ལྟར་གཏན་འབེབས་གནང་འདུག་ཅིང་། ཡང་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་བསྐྱར་བཅོས་ཁྲིམས་འཆར་ལས། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་བསྐྱར་བཅོས་ཚིག་བརྗོད་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས། ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་“མང་མོས་ཐོབ་པ་དེར་”ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་ཚིག་བརྗོད་རྙིང་པའི་ནང་འཁོད་པ་དེ། “ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལོན་པ་”དེར་ཅེས་བསྐྱར་བཅོས་ཚིག་བརྗོད་ནང་བཀོད་པ་དང་། དེ་སྔ་ཡོད་བཞིན་པའི་ཁྲིམས་ཞིབ་པའི་འོས་ཆོས་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་ལོ་བཞི་བཅུའི་རིང་བསྟུན་མི་དགོས་པའི་ཐོག་ལ་བཀའ་ཤག་གི་བཟོ་བཅོས་ཚིག་བརྗོད་ཅིག་བསྣམས་ཕེབས་པའི་ཐོག གྲོས་ཚོགས་སུ་བགྲོ་གླེང་གནང་མཐར་འོས་ཤོག་བླུགས་སྐབས་མང་མོས་མ་ཐོབ་པར་ཟགས་ཡོད་པ་རེད།
གཞན་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་བོད་ཀྱི་ཡུལ་མིའི་ཁྲིམས་སྒྲིག་དང་། སྤྱི་འཐུས་རྒྱུན་ལས་ཀྱི་སྒྲུབ་ཆའི་ནང་དུ་ཕྱི་རྒྱལ་སྤྱི་འཐུས་ཀྱི་ས་དམིགས་གཅིག་དགོས་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་བཅས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་སོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་གཏན་འབེབས་གནང་ཐུབ་མེད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎