གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པ་ནས་གྲོས་ཚོགས་མུ་མཐུད་དུ་འཚོགས་མ་ཐུབ་པར་ལྷག་འདུག

2023.09.25
གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པ་ནས་གྲོས་ཚོགས་མུ་མཐུད་དུ་འཚོགས་མ་ཐུབ་པར་ལྷག་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་སྒོ་ཆེན།
CTA

སྤྱི་ཟླ་༩པའི་ཚེས་༡༩ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦པའི་ལས་ཉིན་དང་པོའི་སྐབས། ལས་རིམ་རྣམ་བཞག་ཞིག་དང་འབྲེལ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནི་རྒྱ་མིའི་གསང་མྱུལ་དང་འབྲེལ་ཡོད་ཚུལ་བརྗོད་པའི་རྗེས་འབྲས་སུ། གནད་དོན་དེ་དང་འབྲེལ་བའི་སྐོར་སྤྱི་འཐུས་ནང་ཁུལ་གླེང་སློང་རིམ་པ་གནང་བ་མ་ཟད། ཚེས་༢༡ཉིན་ཏེ་གྲོས་ཚོགས་ལས་ཉིན་གསུམ་པ་ཉིན་གང་དེའི་ཐད་བགྲོ་གླེང་གནང་བ་དང་། ཚེས་༢༢་ཉིན་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་རྒྱུན་ལྡན་བཞིན་འགོ་འཛུགས་གནང་ཡོད་ཀྱང་། སྐབས་དེར་སྤྱི་འཐུས་༢༣མ་གཏོགས་གྲོས་ཚོགས་ནང་མ་ཕེབས་པའི་རྐྱེན་གྱིས་གྲོས་ཚོགས་ཀྱི་འཐུས་མི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་༤༩པའི་ནང་གསེས་དང་པོའི་དགོངས་དོན་བཞིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་༤་པ་ནས་འཚོགས་མ་ཐུབ་པའི་གནས་སྟངས་འོག་མུ་མཐུད་དུ་ལྷག་ཡོད་པར་བརྟེན། འདི་ཚེས་༢༣་ཉིན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་ལམ་སྟོན་འོག་གྲོས་ཚོགས་མུ་མཐུད་འཚོགས་ཐུབ་ཐབས་སྐོར་དང་། གཞི་རིམ་མི་མང་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་བཅས་བརྗོད་གཞི་གཉིས་ཀྱི་ཐོག་སྤྱི་འཐུས་རྣམ་པའི་བར་བཞུགས་མོལ་ཚོགས་འདུ་འཚོགས་ཐབས་གནང་ཡོད་ཀྱང་། མདོ་སྨད་སྤྱི་འཐུས་བཅུ་དང་། དབུས་གཙང་སྤྱི་འཐུས་བརྒྱད། དེ་བཞིན་ཡོ་རོབ་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་བཅུ་དགུ་མཉམ་ཞུགས་བྱས་མེད་པར་བརྟེན་བཞུགས་མོལ་ཚོགས་འདུ་དེ་ཡང་འཚོགས་ཐུབ་མི་འདུག

Pic01.jpg
འདི་ཚེས་༢༥ཉིན་བཞུགས་མོལ་ཚོགས་འདུར་བཅར་མཁན་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། བཞུགས་མོལ་ཚོགས་འདུ་དེ་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད། གྲོས་ཚོགས་ནང་གླེང་སློང་བྱེད་མ་ཐུབ་པའི་གནད་དོན་མང་པོ་ཞིག་བཞུགས་མོལ་ཚོགས་འདུའི་ནང་གླེང་སློང་བྱེད་ཀྱི་ཡོད་ཅེས་དང་། ད་ལྟའི་ཆར་གལ་ཆེ་ཤོས་ཤིག་ནི་བདེ་སྲུང་ལས་ཁུངས་ཀྱི་གསལ་བཤད་གང་མགྱོགས་གནང་རྒྱུ་དེ་ཡིན་པས་། བདེ་སྲུང་ལས་ཁུངས་ཀྱིས་རྒྱ་མའི་གསང་མྱུལ་དང་འབྲེལ་བའི་གནད་དོན་དེ་གཙང་བཟོ་མ་བྱས་བར་དུ་གྲོས་ཚོགས་མུ་མཐུད་འཚོགས་རྒྱུ་ཁག་པོ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་འདི་ཚེས་༢༥རེས་གཟའ་ཟླ་བའི་ཉིན། གོང་ཞུས་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་མི་བྱེད་མཁན་སྤྱི་འཐུས་ཐུན་མོང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྐབས་བཅུ་༡༧པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་དུས་དང་པོར་ཆོས་བརྒྱུད་སྤྱི་འཐུས་༩དང་། མདོ་སྟོད་སྤྱི་འཐུས་༡༠ཚོགས་བཅར་མ་གནང་བའི་རྐྱེན་གྱིས། གྲོས་ཚོགས་ལས་རིམ་ལ་འགོག་རྐྱེན་འཕྲད་ཡོད་པ་འཁོད་འདུག་ཅིང་། སྤྱི་ཚེས་༢༣ཉིན་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སྒེར་སོ་སོར་ཉིན་རྒྱབ་ཆུ་ཚོད་༣པའི་ཐོག་གོང་ཞུས་བརྗོད་གཞི་གཉིས་ཀྱི་སྐོར་བཞུགས་མོལ་ཚོགས་འདུ་ཞིག་ཡོད་པའི་ཚོགས་བརྡ་འབྱོར་ཡོད་ཀྱང་། ཟུར་དུ་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཐབས་སྐོར་གྱི་བཞུགས་མོལ་ཚོགས་འདུར་བཅར་དགོས་གལ་གང་ཡང་མ་མཐོང་ཞེས་དང་། གཞི་རིམ་མི་མང་གིས་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་རེ་འབོད་ཕྱི་གསལ་ནང་གསལ་ཞུས་ཟིན་པས། དེར་བཞུགས་མོལ་ཚོགས་འདུ་འཚོགས་ནས་དོན་ཕན་ལྡན་པ་ཞིག་ཡོང་བཟོ་གང་ཡང་མ་མངོན་སྟབས། བཞུགས་མོལ་ཚོགས་འདུར་ཚོགས་བཅར་ཞུས་མེད་ཅེས་འཁོད་འདུག
བཞུགས་མོལ་ཚོགས་འདུར་བཅར་མེད་པ་དབུས་གཙང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས། གལ་ཏེ། མ་འོངས་པར་བཞུགས་མོལ་ཚོགས་འདུ་རིགས་འཚོགས་དགོས་བྱུང་ན། བརྗོད་གཞི་ལ་གཞིགས་ཏེ་འཚོགས་རྒྱུ་ཡིན། སྤྱིར་བཏང་བཞུགས་མོལ་ཚོགས་འདུ་ཚོགས་རྒྱུ་ནི་གལ་ཆེ་ཡང་། ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ནང་དོན་ལ་རེ་བ་གང་ཡང་མཐོང་མེད་པར་བརྟེན་བཅར་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། གལ་ཏེ་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་བྱུང་ཡོད་མེད་ཀྱི་གནད་དོན་དེ་ཉིན་འགའ་ཤས་ནང་གསལ་བོ་བཟོ་ཐབས་བྲལ་བ་ཡིན་ན། འབྲེལ་ཡོད་ལས་ཁུངས་ཀྱི་ངོས་ནས་ངེས་པར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ལ་སྙན་སེང་ཞུས་ཏེ། དུས་ཚོད་ངེས་ཅན་ཞིག་ལ་གསལ་བཤད་ཞུའི་ཆ་རྐྱེན་བཏོན་དགོས་གལ་ཆེ་བའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
འོན་ཀྱང་། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས། བདེ་སྲུང་ལས་ཁུངས་ཀྱི་གནད་དོན་དེ་ནི་འཛིན་སྐྱོང་བཀའ་ཤག་དང་འབྲེལ་བ་ཡོད་པས། ད་ལྟའི་ཆར་གནད་དོན་དེའི་ཐོག་འགྲེལ་བརྗོད་བྱེད་རྒྱུའི་གནས་བབ་མེད་ཅེས་གསུངས་བྱུང་།
གཞི་རྩའི་ཆ་ནས་ད་རེས་གྲོས་ཚོགས་ཚོགས་དུས་དྲུག་པ་འདི་ནི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྤྱི་ལོ་༢༠༢༢་ལོ་ནས་༢༣ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་། སྤྱི་ཡོངས་བགྲོ་གླེང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྒྱུ་བཅས་ཡིན་ནའང་། ད་བར་ཆོས་རིག་ལས་ཁུངས་གཅིག་པུའི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་ཞུས་པ་ཟིན་པ་ལས། ལས་ཁུངས་གཞན་ཁག་གི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ལྷག་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎