བོད་མི་མང་སྤྱི་འཐུས་རྒྱུན་ལས་ནང་སྤྱི་འཐུས་གཉིས་གསར་ཕེབས་དང་གཞན་རྣམས་རང་འཇགས་བཞུགས་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ཡིག་ཚང་ནས་གནས་ཚུལ་སྤེལ་བ་ལྟར་ན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་བཞི་པའི་སྐབས་བོད་མི་མང་མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་གཉིས་སྤྱི་འཐུས་རྒྱུན་ལས་ནང་གསར་དུ་ཕེབས་པ་ལས་གཞན་རྣམས་རང་འཇགས་བཞུགས་འདུག
ཕྱི་ཚེས་༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེས་སྤྱི་འཐུས་རྒྱུན་ལས་ལོ་དུས་བཞི་པ་ཆགས་ཡོད་པ་དང་། རྒྱུན་ལས་མང་བ་དེ་རང་འཇགས་བཞུགས་མཁན་དང་། ལོ་དུས་འདིར་རྒྱུན་ལས་ནང་གསར་དུ་ཕེབས་མཁན་སྤྱི་འཐུས་གཉིས་ལ་ཐོག་མར་འཚམས་འདྲི་དང་སྦྲགས། རྒྱུན་ལས་ཀྱི་ལས་དོན་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་གི་ཡོད་པ་དང་། སྤྱི་འཐུས་ལྷན་ཁང་གི་མ་འོངས་པའི་ལོའི་ནང་རྒྱུན་ལས་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་དང་། ནུས་པ་མཉམ་སྤུངས་ཡོང་རྒྱུར་ཡིད་ཆེས་དང་རེ་བ་གནང་གི་ཡོད་པ་གསུང་འདུག
འདི་ལོའི་ཟླ་༡༠ཚེས་༩ ནས་༢༠༢༥ཟླ་༡༠ ཚེས་༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་བཞི་པའི་ནང་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་པ་སྙན་སྒྲོན་གནང་བའི་ནང་། རྒྱུན་གྲོན་སྡེ་ཚན་(Finance)ནང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། ཆབ་སྲིད་སྡེ་ཚན་(Political)་ནང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཡོད་པ་དང་། དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་ནང་(Administration)་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་བཅས་ཡོད་པ་རེད།
སྤྱི་འཐུས་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ནི། སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་དང་། རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་འདི་ཚེས་༨་དང་༩ཉིན་གྲངས་གཉིས་རིང་ཐོག་མར་རྒྱ་གར་བྱང་ཕྱོགས་ཤྲི་རི་ན་གྷར་ཁུལ་དུ་ཡོད་པའི་བོད་རིགས་ཁ་ཆེ་བའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་སུ་ཕེབས་ཏེ་ཁུལ་དེའི་སློབ་གྲྭར་གཟིགས་སྐོར་དང་མང་ཚོགས་མཇལ་འཕྲད་གནང་ཡོད་འདུག་ལ། ཁོང་རྣམ་གཉིས་ཀྱིས་མང་ཚོགས་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང་དབུས་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་གནང་བ་དང་། དེ་ནས་ལ་དྭགས་དཀར་འཁྱིལ་ཁུལ་ཕེབས་ཏེ་དཀར་འཁྱིལ་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་དང་དེ་བཞིན་ཟངས་དཀར་ཁུལ་གྱི་འཐུས་མི། མི་མང་གི་འཐུས་མི་བཅས་མཇལ་འཕྲད་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་དཔལ་མོ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།