ཨ་རིའི་སྲིད་འཛིན་གྱི་རྒྱ་ནག་འཚམས་གཟིགས་གྲུབ་རྗེས་ཕྱི་སྲིད་དྲུང་ཆེས་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་ཡོད་པ་ནི་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་ཉམས་ཞིབ་པས་གསུང་གི་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་གི་ཐེངས་འདིའི་རྒྱ་གར་ནང་གི་འཚམས་གཟིགས་དེ་ནི་དུས་དང་གནས་སྟངས་གང་གི་ཆ་ནས་འཚམ་ཞིང་། དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བར་ཕན་ནུས་ཡོང་སྲིད་པ་ཉམས་ཞིབ་པས་སྔོན་དཔག་གནང་གི་འདུག
དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། “མརྐོ་རུ་བྷི་ཡོ་མཆོག་ད་ཆ་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་པ་ནི་དུས་དང་གནས་སྟངས་ཀྱི་ཆ་ནས་འཚམ་པོ་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས། དེ་ཡང་ཉེ་ལམ་ཨ་རིའི་སྲིད་འཛིན་ཊམཔ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་གནང་རྗེས་ཨ་རིས་རྒྱ་ནག་ལ་རེ་བ་བཅངས་པ་ཁག་དེ་ཙམ་གྱིས་ཡག་པོ་བསྒྲུབས་མེད་པ་མཁྱེན་རྟོགས་བྱུང་པ་རེད་ཅེས་གསུངས་པ་དང་སྦྲགས། ད་ཆ་ཨ་མི་རི་ཀས་རྒྱ་ནག་ལྟ་བུ་ངེས་གཏན་མེད་པ་དང་ང་རྒྱལ་ཅན་གྱི་རྒྱལ་ཁབ་ལ་བརྟེན་པ་ལས། རྒྱ་གར་དང་ཉི་ཧོང་། ཨོསི་ཊརེ་ལི་ཡ་ལྟ་བུ་ཡིད་ཆེས་འཕེར་བའི་རྒྱལ་ཁབ་ཚོ་དང་མཉམ་ལས་གནང་རྒྱུ་དེ་ལེགས་པ་ཤེས་རྟོགས་བྱུང་ཡོད་པས། ཐེངས་འདིའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་འདིས་ཕན་ནུས་ཡོང་བའི་རེ་བ་བྱེད་ཆོག་ཅེས་དང་། ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ QUAD ཞེས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ལུངས་ཕྱོགས་ཀྱི་ཐབས་བྱུས་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུར་ཞུགས་པ་དེས། ཚོགས་འདུ་དེའི་གལ་གནད་རང་བཞིན་མཚོན་ཐུབ་ཅིང་། དེ་ནི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པས། ཐེངས་འདིར་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་རྒྱ་གར་དུ་ཕེབས་པ་དེ་ནི་སྤྱི་ཡོངས་ཀྱིས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་འཕེལ་རིམ་གྱི་རྣམ་པ་བཟང་པོ་ཞིག་རེད་ཅེས་གསུངས་བྱུང་།
ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ།
རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཕྱོཊ་སུ་རྒྱ་གར་ནི་ཨ་རིའི་རྨང་གཞིའི་ཟུར་རྡོ་ཡིན་ཞེས་ཕྱི་སྲིད་དྲུང་ཆེས་ལྡི་ལིར་ཕེབས་འབྱོར་བྱུང་མཚམས་ཕྱི་ཚེས་ ༢༣ ཉིན་གསུངས་ཡོད་པ་རེད། དེ་ཡང་རོའི་ཊརསི་གསར་སྤེལ་ཁང་གི་གནས་ཚུལ་ལྟར་ན། རུ་བྷིའོ་མཆོག་གིས་ “ཕྱོཊ་སྐྱོད་འདིར་ཚོཊ་འདུ་དོན་འབྲས་ལྡན་པ་ཞིག་བྱེད་རྒྱུ། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཕྱོཊ་སུ་རྒྱ་གར་ནི་ཨ་རིའི་ཟུར་རྡོ་ཡིན། Quad ཁོ་ན་མིན་པར། ཕྱོཊ་གཉིས་ཟུང་སྦྲེལ་ཆཊ་ཡོད། ཨ་རིའི་ནང་དུ་རྒྱ་གར་གྱི་ཚོང་ལས་ཨ་སྒོར་བྱེ་བ་ ༢༠ མ་འཛུཊ་ཡོད། ཨ་རིས་སྣེ་ཁྲིད་པའི་ལག་རྩལ་མཉམ་འབྲེལ་ Pax Silica ལ་ཁོང་ཚོས་མཉམ་ཞུགས་བྱས་པ་ཡང་མཐོང་ཐུབ། དཔལ་འབྱོར་སྔོན་ཐོན་གྱི་རྒྱལ་ཁབ་གཉིས་ཀྱི་བར་གོ་སྐབས་དག་ལ་འཚོལ་ཞིབ་བྱེད་བཞིན་ཡོད། ཨ་རིའི་ཚོང་ལས་ཁག་གི་ནང་རྒྱ་གར་གྱི་རྩལ་མཐོའི་ལས་མི་དང་། ལས་བྱེད་རྩལ་ཅན་ཚོར་ཧ་ཅང་གི་དོ་སྣང་ཡོད་པ་ངས་ཤེས། ཐོན་སྐྱེད་ཀྱི་ནུས་པ་དང་། དེ་བཞིན་ཨ་རིའི་ནང་དུའང་ཕན་ཚུན་མཉམ་ལས་ཀྱི་གོ་སྐབས་མང་པོ་ཡོད། ང་ཚོས་མཉམ་ལས་བྱེད་རྒྱུ་མང་པོ་ཞིག་ཡོད། ང་ཚོའི་འབྲེལ་ལམ་ལ་རྨང་གཞི་བརྟན་པོ་ཞིག་ཡོད། སང་ཉིན་ང་ཚོས་འདིའི་སྐོར་བཀའ་མོལ་ཡོང་རྒྱུ་དང་། ཨ་རིའི་ལོ་ ༢༥༠ འཁོར་བའི་དུས་ཆེན་དང་། ང་ཚོའི་ལོ་ ༢༥༠ པའི་སྐྱེས་སྟོན་ལ་དགའ་སྟོན་ཞུ་བའི་ཆེད་དུ་འདིར་ཡོང་བ་ཡང་འོས་འཚམས་ཡིན། ཨ་རི་ནི་འཛམ་གླིང་གི་མང་གཙོ་རྙིང་ཤོས་དང་། རྒྱ་གར་ནི་འཛམ་གླིང་གི་མང་གཙོ་ཆེ་ཤོས་ཡིན་པས། ད་ལྟ་དང་མ་འོངས་པར་ཡང་རང་བཞིན་གྱི་མནའ་མཐུན་གྱི་རོགས་པ་ཡིན། ད་ལྟའི་འབྲེལ་ལམ་ནི་ཧ་ཅང་ཡག་པོ་ཞིག་ཡིན། དངོས་ཐོག་ང་ཚོས་མཉམ་ལས་མང་པོ་བྱེད་ཀྱི་ཡོད།གོ་སྐབས་མང་པོ་ཞིག་ཡོད། དེའི་ཕྱིར། ངས་རེ་བར། ང་ཚོས་མཉམ་ལས་བྱེད་སའི་སྡེ་ཁག་དང་། སྒྲིག་འཛུཊ་དང་ལས་རིགས་འདྲ་མིན་ནང་། མཉམ་ལས་ཤུཊ་ཆེ་དང་གོང་སྤེལ་ཐུབ་རྒྱུ་ཡོད། " ཅེས་གསུངས་འདུག
རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། མར་ཁོ་རུ་བྷོ་མཆོག་རྩ་བའི་རྒྱུན་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་སོགས་ལ་ཐེར་འདོན་གདོང་ལེན་བསྟུད་མར་གནང་མཁན་ཞིག་ཡིན་པའི་ཆ་ནས། QUAD ཚོགས་འདུའི་ཁྲོད་ཁྲིམས་ལུགས་གཞིར་བཞག་གིས་ཐག་གཅོད་དང་མཉམ་འབྲེལ་སྟོབས་ཤུགས་ཀྱི་ནུས་པ་སོགས་ཀྱི་ཐད་ནན་ཏན་གནང་སྲིད་ལ། སྤྱི་ཡོངས་ནས་ཐེངས་འདིའི་འཚམས་གཟིགས་དེས། རྒྱ་གར་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲ་བརྟན་དང་ཕུན་སུམ་ཚོགས་པ། བདེ་འཇགས་ཀྱི་ནུས་པ་གོང་འཕེལ་བཏང་ཐོག་རྒྱ་གར་གྱི་མང་གཙོའི་སྟོབས་ཤུགས་རྒྱས་པར་ཤུགས་སྣོན་བསྐྱོན་ཡོད་ཅེས་གསུང་གི་འདུག
ཨ་རིར་རང་བཙན་ཐོབ་ནས་ལོ་ ༢༥༠ འཁོར་བའི་དུས་དྲན།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དབུ་བཞུགས་ཐོག་ཨ་རིའི་རང་བཙན་ཐོབ་ནས་ལོ་ ༢༥༠ འཁོར་བའི་དུས་ཆེན་གྱི་མཛད་སྒོ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁག་ཅིག་མཉམ་ཞུགས་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༢༤ ནིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནས་ཡོད་མི་སྣ་ཁག་དང་མཇལ་མོལ་གྱི་མཛད་རིམ་ཞིག་ཡོད་པ་ཉིན་ཤས་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།

ཕྱི་སྲིད་དྲུང་ཆེ་མཆོག་ཚེས་ ༢༣ ཉིན་ཀོལ་ཀ་ཏ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཏེ་རྒྱ་གར་གྱི་སྲིད་བློན་མི་དྷི་མཆོག་གི་མཇལ་འཕྲད་གནང་འདུག་ཅིང་། མཇལ་མོལ་གྲུབ་མཚམས་སྲིད་བློན་མོ་དྷི་མཆོག་གིས་སྤྱི་ཚོགས་དྲྭ་ལམ་(X)ཐོག ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་དང་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞིང་། ང་ཚོས་རྒྱ་གར་དང་ཨ་རིའི་དབར་གྱི་གོ་ལའི་འཐབ་ཇུས་ཐད་ཀྱི་མཉམ་ལས་སྐོར་དང་། འཛམ་གླིང་ཞི་བདེ་དང་བདེ་འཇགས་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་གྲོས་བསྡུར་བྱས་ཡོད་པས། རྒྱ་གར་དང་ཨ་རི་གཉིས་ཀྱིས་འཛམ་གླིང་སྤྱིའི་བདེ་ཐབས་སླད་མུ་མཐུད་མཉམ་ལས་དམ་ཟབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
ཨི་རཱན་གྱི་གནད་དོན།
ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨི་རཱན་གྱི་གནད་དོན་ཐོག་ལ་ཨ་རིའི་བཞེངས་ཕྱོགས་གསུངས་སྐབས། "ད་བར་འཕེལ་རིམ་འགའ་བྱུང་ཡོད། ལས་དོན་འགའ་ཞིག་མུ་མཐུད་བྱེད་བཞིན་ཡོད། ངས་ཁྱེད་ཚོར་གཏམ་བཤད་བྱེད་པའི་སྐབས་འདིར་ཡང་། ལས་དོན་འགའ་སྒྲུབ་བཞིན་ཡོད། དེ་རིང་ཕྱི་དྲོའམ། སང་ཉིན་རེད། ཡང་ན་ཉིན་ཤས་རྗེས་སུ་ང་ཚོས་གསལ་བསྒྲགས་བྱེད་ཐུབ་པའི་རེ་བ་ཡོད། འོན་ཀྱང་། སྲིད་འཛིན་གྱིས་གསུངས་པ་ལྟར། གནད་དོན་འདི་ཐབས་ལམ་གང་གིས་ཡིན་ནའང་སེལ་དགོས། ཨི་རཱན་ལ་རྡུལ་ཕྲན་མཚོན་ཆ་ནམ་ཡང་ཡོད་མི་རུང་། མཚོ་འགག་དེ་ཁྲལ་མེད་པར་ཁ་ཕྱེ་དགོས། ཁོང་ཚོས་རང་གི་སྤུས་ཚད་མཐོ་བའི་ཡུ་རེ་ནི་ཡམ་དང་། ཧ་ཅང་སྤུས་ཚད་མཐོ་བའི་ཡུ་རེ་ནི་ཡམ་མེད་པར་བཟོ་དགོས། ང་ཚོས་གནད་དོན་དེ་སེལ་དགོས། དེ་བཞིན་ཡུ་རེ་ནི་ཡམ་གྱི་སྤུས་ཚད་གོང་མཐོར་གཏོང་བར་གདོང་ལེན་བྱེད་དགོས། འདི་དག་ནི་སྲིད་འཛིན་གྱི་ལངས་ཕྱོགས་ཡིན་པ་དང་། ཞི་མཐུན་འབྲེལ་ལམ་གྱི་བརྒྱུད་ནས་སེལ་རྒྱུ་འདི་གདམ་ཁར་འཇོག་གི་ཡོད།ཱ" ཅེས་གསུངས་ཡོད་པ་རེད།
ཨ་རིའི་བོད་དོན་བཞེངས་ཕྱོགས།
རྩ་བའི་ཕྱི་སྲིད་དྲུང་ཆེ་མཆོག་ཕོལོ་རི་ཌ་ནས་ཕེབས་ཐོན་སྐབས་གནམ་ཐང་དུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། རྒྱ་གར་ནི་ང་ཚོའི་མཐུན་གྲོགས་བཟང་པོ་ཞིག་དང་། ལས་རོགས་གལ་ཆེན་ཞིག་ཡིན་ཞེས་དང་། རྒྱ་གར་དང་མཉམ་དུ་ང་ཚོས་ལས་ཀ་ཡག་པོ་མང་དག་ཅིག་བྱེད་ཀྱི་ཡོད། དེར་བརྟེན་ཐེངས་འདིའི་ཕྱོགས་སྐྱོད་ནི་གལ་ཆེན་ཞིག་ཡིན། ད་རེས་ཕྱོཊ་སྐྱོད་བྱེད་ཐུབ་པ་འདིར་དགའ་པོ་བྱུང་། གང་ལགས་ཞེ་ན། ང་ཚོར་གྲོས་མོལ་བྱེད་རྒྱུ་མང་པོ་ཞིག་ཡོད་ཅེས་གསུངས་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྔ་རྗེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་སྐུལ་མ་གནང་ཡོད་ཅིང་། ཉེ་ལམ་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་བཙན་ཁྲིད་བྱས་ཏེ་ལོ་ ༣༡ འཁོར་བའི་ཉིན་མོ་དང་བསྟུན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༧ཀུན་གཟིཊ་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་དང་། ༧གོང་ས་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་གནད་དོན་ཐད་དམར་ཤོག་གཞུང་གིས་ཐེ་བྱུས་མེད་པ་བྱ་དགོས་ཞེས་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྔ་རྗེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། བོད་རྒྱ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་སྐུལ་མ་གནང་བའི་བསྒྲགས་གཏམ་ཞིག་སྤེལ་ཡོད།།
རྡ་སའི་གནས་ཚུལ་གྱི་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
ཕྱི་སྲིད་དྲུང་ཆེའི་ཕྱོགས་ཕེབས་ཀྱི་བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།
