༢༠༢༡་ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ལི་ཐང་རྫོང་ཐོག་ཏུ་རྒྱ་ནག་ཉེན་རྟོག་པས་བོད་མི་སེར་སྐྱ་༢༠འཛིན་བཟུང་བྱས་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་འདུག

2021-09-10
Share
༢༠༢༡་ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ལི་ཐང་རྫོང་ཐོག་ཏུ་རྒྱ་ནག་ཉེན་རྟོག་པས་བོད་མི་སེར་སྐྱ་༢༠འཛིན་བཟུང་བྱས་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་འདུག སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་།
བོད་འབྱོར་།

ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༧ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་ཐོག་ཏུ། བོད་མི་ཚོས་འཁྲུངས་སྐར་ཉིན་དྲ་ལམ་སོགས་སུ་སྐུ་པར་དང་ཤིས་ཚིག་སྤེལ་བའི་ཉེས་མིང་འོག་སྔ་ཕྱིར་བོད་མི་སེར་སྐྱ་༢༠འཛིན་བཟུང་བཙན་ཁྲིད་ཀྱིས། ཟླ་གཅིག་ལྷག་རིང་བཀག་བསྐྱིལ་འོག་བཞག་སྟེ་གཅར་རྡུང་ཚད་ལས་བརྒལ་བ་བྱས་ཡོད་སྐོར་འབྲེལ་ཡོད་མིང་འབོད་བྱེད་འདོད་མེད་པའི་བཙན་བྱོལ་ནང་གི་ཆབ་སྲིད་བཙོན་ཟུར་ཅིག་གིས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལ། ད་ལྟ་མུ་མཐུད་ཡུལ་ཕྱོགས་དེར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས། གནས་ཚུལ་དེ་བྱུང་ནས་ཟླ་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། དམ་དྲག་རྐྱེན་གྱིས་ད་བར་ཕྱི་ཕྱོགས་སུ་བཤད་ཐུབ་མེད་པ་དང་། ད་ལྟ་ལི་ཐང་ཕྱོགས་ཀྱི་ས་གནས་ཡུལ་མི་ཚོར་གནས་སྟངས་དེའི་སྐོར་གང་བྱུང་འདྲི་ཡང་མི་ཕོད་པའི་གནས་སུ་ཡོད་པ་དང་། འཛིན་བཟུང་བྱས་ཡོད་པའི་བོད་མི་དག་ལས་རེ་གཉིས་མ་གཏོགས་རིམ་བཞིན་ཀློད་གྲོལ་བཏང་ཡོད་ན་ཡང་། གཅར་རྡུང་དང་འདྲི་བརྩད་སོགས་ཤུགས་ཆེར་བྱས་ཡོད་སྐོར་བརྗོད་བྱུང་།
ཡང་བོད་ནང་གི་བོད་མི་ཞིག་གིས་ལི་ཐང་དང་ཉག་ཆུ་ཕྱོགས་སུ་ཉེ་སྔོན་༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་ཟླ་༨པའི་དམག་བཙུགས་དུས་ཆེན་ཟེར་བ་སོགས་ནས་མུ་མཐུད་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ད་ལྟའི་ཆར་བོད་མི་ཚོར་དམ་དྲག་བྱེད་ཐབས་གསར་བ་ཞིག་ལ་རྒྱ་ནག་ཉེན་རྟོག་པས་ཉིན་ལྟར་རླངས་འཁོར་སྐོར་ཡིག་སོགས་ལ་ཁ་གཡར་ནས། མཉམ་དུ་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། གནས་སྟངས་དེ་ནི་བོད་མི་ཚོར་མཚོན་ན་ཉིན་རེའི་འགྲོ་འདུག་ཙམ་ལ་རང་དབང་མེད་པའི་དྲག་གནོན་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
འདི་ལོའི་ཕྱི་ཟླ་༧ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་འབྲེལ་བོད་ཀྱི་ས་ཁུལ་ཡོངས་སུ་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། འཁྲུངས་སྐར་དང་འབྲེལ་ནས་བོད་མི་ཚོས་༸གོང་ས་མཆོག་གི་པར་རིས་བརྒྱུད་བསྐུར་བྱས་རྐྱེན་སྔ་ཕྱིར་ཤེས་རྟོགས་བྱུང་བའི་ཁྲོད་དཀར་མཛེས་རྫོང་གི་འཁྱག་ལུང་ཡུལ་ཚོ་ཧ་ཤུལ་ཚོ་བ་ནས་བོད་མི་རྫ་པོ་དང་དཀོན་མཆོག་བཀྲ་ཤིས་གཉིས་འཛིན་བཟུང་དང་། གསེར་རྟ་རྫོང་ཟླལ་ཚང་ཡུལ་ཚོའི་ནང་བོད་བཞི་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་ཆར་བོད་མི་དེ་དག་གི་གནས་སྟངས་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནསད་ཁང་གི་ཉམས་ཞིབ་པ་འོད་ཟེར་ལགས་ནས། ཉེ་བའི་ཆར་བོད་ནང་བོད་ལ་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་རྐྱེན་གྱིས། ༧གོང་ས་མཆོག་གི་སྐུ་པར་བསྡུ་ཉར་མཁན་ཚོར་ཉེས་མིང་སྣ་ཚོགས་གཡོག་ནས་འཛིན་བཟུང་བཙན་ཁྲིད་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།
ཉེ་བའི་ཆར་རྒྱ་ནག་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བསྡུ་ཉར་བྱས་པར་ཁག་བཞག་ནས། རྫ་དབོན་པོ་ཁུལ་དུ་སྔ་ཕྱིར་བོད་མི་༡༢༡འཛིན་བཟུང་བྱས་ཡོད་པ་རེད་ལ། ད་ལྟའི་ཆར་ཁུལ་དེར་མུ་མཐུད་དམ་དྲག་དང་འཛིན་བཟུང་བྱས་པའི་བོད་མི་ཚོའི་གནས་སྟངས་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་པ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།