གྲོས་ཚོགས་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་སོང་།

2024.09.18
གྲོས་ཚོགས་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས། ༠༩།༡༨།༢༠༢༤
TPiE

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༧པ་སྟེ། སྤྱི་ཟླ་༩པའི་ཚེས་༡༨ཉིན། གྲོས་ཚོགས་ལས་རིམ་གྱི་ཁྲིམས་བཟོའི་ལས་དོན་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིག་ཆ་ཨང་༣༡པ་སྟེ། ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་གཉིས་གསར་དུ་གྲོས་ཚོགས་སུ་འཇུག་རྒྱུ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གྲོས་ཚོགས་ནང་བཏོན་པར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་རྒྱབ་སྐྱོར་གནང་ཡོད་པ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༣༡པ། དོན་ཚན་སོ་བདུན་པ། ཚིག་བརྗོད་རྙིང་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ། ༡ཁ། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ། ཞེས་པར། ཚིག་བརྗོད་གསར་པ། ༡ཁ། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་། གཡུང་དྲུང་བོན་བཅས་དྲུག་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་ཞེས་བསྐྱར་བཅོས་གནང་ཡོད་པ་དེར། སྤྱི་འཐུས་རྒྱལ་ལྡོང་ཕུར་བ་རྡོ་རྗེ་ལགས་ཀྱིས། ད་ལྟའི་ཆར་དམིགས་ཡུལ་གང་ཡིན་ལ་མ་བལྟོས་པར། གང་ཟག་ཁག་ཅིག་གིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་གནས་སྟངས་ཆགས་ཡོད་པས། དེ་ལྟ་བུའི་དུས་ཚོད་ཅིག་ལ་འཛིན་སྐྱོང་བཀའ་ཤག་གིས་ཁྲིམས་འཆར་འདི་འདྲ་བ་ཞིག་ཁུར་ཡོང་བ་དེར། དུས་དང་ཁོར་ཡུག་གི་ཆ་ནས་འོས་པོ་དང་འཚམས་པོ་མི་འདུག་ཅེས་དགག་བྱ་གནང་སོང་།

 8th Session of the 17th Tibetan Parliament-in-Exile  (4).jpg
ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་གཉིས་གསར་དུ་གྲོས་ཚོགས་སུ་འཇུག་རྒྱུའི་ཁྲིམས་འཆར་དང་། ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་ཁྲིམས་འཆར་གྱི་སྟེང་སྤྱི་འཐུས་རྣམ་པ་གཞན་ཁག་གིས་ཀྱང་དྲི་བ་གནང་བར་བརྟེན། ཁྲིམས་འཆར་འདོན་མཁན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། ཆོས་ཚོགས་ཐེངས་བཅུ་གཉིས་པའི་གྲོས་ཆོད་ཀྱི་ནང་ཇོ་ནང་པ་དེ་ལྟ་གྲུབ་སོགས་ཀྱི་ཐོག་ནས་རང་རྐྱ་འཕེར་བའི་ཆོས་བརྒྱུད་ཅིག་རེད་ཅེས་ཐག་གཅོད་གནང་ཡོད་པས། དེ་གཞིར་བཞག་ནས་ཆོས་བརྒྱུད་རང་རྐྱ་འཕེར་བ་ཞིག་ཡིན་ན་སྤྱི་འཐུས་ཀྱི་ཐོབ་ཐང་ཡང་གཅིག་མཚུངས་དགོས་པར་བཀའ་ཤག་གིས་མཐོང་སྟེ། ཁྲིམས་འཆར་དེ་འཁུར་ཡོང་བ་ཡིན་ཞེས་ལན་འདེབས་གནང་ཡོད་པ་རེད།
ཡང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ནི། ཚིག་བརྗོད་རྙིང་པ། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ༢ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་མི་དགོས་ཞེས་པ་དེར། ཚིག་བརྗོད་གསར་པའི་ནང་ལོ་སུམ་ཅུའི་རིང་ཞེས་པ་དེ་ལོ་༼བཞི་བཅུའི་༽རིང་ཞེས་པར་བསྐྱར་བཅོས་གནང་ཡོད་པ་དེར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་མཐའ་གཅིག་ཏུ་དགག་བྱ་གནང་ཡོད་པ་དང་། དེའི་རྒྱུ་མཚན་ནི་ང་ཚོས་ཟླ་བ་དྲུག་གི་སྔོན་ལ་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ངོས་ནས་དེ་ག་རང་ཁུར་བསྡད་ཡོད་ནའང་། བཀའ་ཤག་གིས་སྐབས་དེ་དུས་བཟོ་བཅོས་གྲོས་འཆར་བཏོན་ནས་ཆེད་དུ་གཏོར་བའི་བཟོ་ལྟ་འདྲ་བོ་ཞིག་བྱས་སོང་ཞེས་དགག་པ་གནང་སོང་།
དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཚོགས་ཆུང་གིས་ལོ་༣༠་དེ་༤༠་འཕར་འགྱངས་བྱེད་དགོས་བ་རེད་ཅེས་གསུང་པ་རེད། བཀའ་ཤག་གིས་དེའི་ཁར་ལོ་གཉིས་སྣོན་དགོས་པའི་རྒྱུ་མཚན་ནི། གྲོས་ཚོགས་དང་བཀའ་ཤག་གཉིས་བརྗེ་བོ་རྒྱག་པའི་སྐབས་དེར་འཁེལ་གྱི་ཡོད་པས། གལ་སྲིད་ཆ་རྐྱེན་འདང་ངེས་ཤིག་སྤྱི་ཚོགས་ནང་རག་གི་མེད་ན། ཁྲིམས་ཞིབ་པ་གསར་པ་བསྐོ་དགོས་ཀྱི་ཡོད་པར་ཡང་བསྐྱར་བཅའ་ཁྲིམས་བསྐྱར་བཅོས་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པས་མ་གཏོགས། བཀའ་ཤག་གིས་བཟོ་བཅོས་གྲོས་འཆར་ལོ་གཉིས་བསྣན་ནས་ཡར་ཁུར་ཡོང་བ་དེས་དེ་ལ་དགག་པ་བརྒྱབ་པའི་གནས་སྟངས་གང་ཡང་ཆགས་མེད་ཅེས་ལན་འདེབས་གནང་ཡོད་པ་རེད།
བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་༣༡པའི་བརྗོད་པ་དང་པོ་སྟེ། འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་དགོས་རིགས་འགྲེལ་བརྗོད་ཀྱི་རིམ་པ་གྲོས་ཚོགས་སུ་ཕྱིན་ཡོད་ནའང་། དོན་གནད་རེ་རེ་ལ་བགྲོ་གླེང་དང་བཟོ་བཅོས་གྲོས་འཆར་དགོས་མིན། མཐའ་མའི་གཏན་འབེབས་ཀྱི་རིམ་པ་སོགས་བརྗོད་པ་གཉིས་པ་དང་གསུམ་པ་བཅས་སྤྱི་ཟླ་༩པའི་ཚེས་༡༩ཉིན་གྱི་གྲོས་ཚོགས་ལས་རིམ་དུ་འགྲོ་རྒྱུ་ཡིན་པ་རེད།

 8th Session of the 17th Tibetan Parliament-in-Exile  (3).jpg
གཞན་གྲོས་ཚོགས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐད་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་གཅིག་གིས་སྤྱི་ཚོགས་ཁྲོད་ད་ལྟའི་བཀའ་ཤག་གི་བཀའ་བློན་ཆ་ཚང་བ་མེད་པར་ལས་དོན་འཐུས་ཤོར་འགྲོ་ཉེན་ཡོད་པའི་སེམས་ཚབས་བྱེད་མཁན་ཡོད་པ་དང་། དེ་སྔའི་གྲོས་ཚོགས་ཐོག་བཀའ་བློན་བསྐོ་བཞག་གི་ལམ་ཁ་བཟོས་ཟིན་པས། ད་ཐེངས་བཀའ་བློན་འོས་མི་འདོན་འཆར་ཡོད་མེད་དྲིས་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དེ་སྔའི་གནས་སྟངས་བསྐྱར་ཟློས་མི་ཡོང་བ་དང། ད་ལྟའི་ལས་ཡུན་གང་ཙམ་ཕྱིན་ཟིན་པ་དང་འབྲེལ་ལས་འཆར་མང་པོ་ཞིག་འགོ་བཙུགས་ཟིན་སྟབས། བཀའ་བློན་གསར་པ་ཞིག་ཕེབས་པ་ཡིན་ནའང་ལས་དོན་ལ་རྒྱུས་ལོན་དགོས་པ། དེ་བཞིན་བཀའ་བློན་འོས་མི་བསྐོས་ཀྱང་ལས་ཡུན་མང་པོ་ལྷག་མེད་པ་བཅས་རྒྱུ་མཚན་གསུམ་གྱི་ཐོག་ནས་ད་རེས་བཀའ་བློན་འོས་མི་འདོན་འཆར་མེད་པ་ལན་འདེབས་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་བཙན་ཐབས་ཀྱིས་རྒྱལ་སྟོན་དུས་ཆེན་ཟེར་བ་གཞི་རྒྱ་ཆེན་པོས་སྲུང་བརྩི་བྱེད་བཅུག་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎