ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལ་གཞུང་འབྲེལ་མྱ་ངན།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་དགོངས་པ་རྫོགས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མྱ་ངན་གུས་བཏུད་ཞུས་གནང་འདུག

2012.12.31

དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པའི་ནང༌། འདི་ཚེས་ ༣༡ གི་ཉིན་རྒྱབ་ཏུ་བཞུགས་སྒར་གངས་སྐྱིད་ལ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་དང་འབྲེལ་ དམ་པ་དེ་ཉིད་ཀྱི་ཆེད་མྱ་ངན་གུས་འདུད་ཀྱི་གདུང་སེམས་མཉམ་སྐྱེ་མཚོན་སླད་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ་རེད།

ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་

གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན། མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དམ་པ་དེ་ཡིས་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བའི་ནང༌། དམ་པ་དེ་ཉིད་ ༡༩༤༡ ལོར་ཁམས་བྲག་གཡབ་ཏུ་སྐུ་འཁྲུངས་པ་དང༌།  དགུང་ལོ་ ༡༩ ལ་ལྷ་སར་ཕེབས་ཏེ་རྭ་སྟོད་གྲྭ་ཚང་དུ་བསྡུས་གྲྭ་ནས་འགོ་བཙུགས་ཏེ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང།  དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ནས་ཕྱི་ལོ་ ༡༩༦༠ ལོར་ཝ་རཱ་ཎཱ་སིར་རྟེན་གཞི་བྱས་པའི་ལེགས་སྦྱར་མཐོ་རིམ་སློབ་གྲྭར་སློབ་གཉེར་གནང་རྗེས།  ཕྱི་ལོ་ ༡༩༦༣ ལོར་གཞུང་ཞབས་ནང་འཛུལ་ཞུགས་ཀྱིས་ ཆོས་དོན་ལྷན་ཁང་ནང་ཕྱག་ལས་གནང་བ་དང་། དེ་ནས་རིམ་པས་དྲིལ་བསྒྲགས་དྲུང་ཆེ་གཞོན་པ་དང༌། བཀའ་དྲུང་གཞོན་པ། དྲིལ་བསྒྲགས་དྲུང་ཆེ་སོགས་ཀྱི་ཕྱག་ལས་གནང་རྗེས།  ཕྱི་ལོ་ ༡༩༩༣ ལོར་བཀའ་བློན་དུ་འདེམས་ཐོན་བྱུང་སྟེ། ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་སྐབས་ ༡༠ པའི་བཀའ་ཤག་གི་ནང་སྲིད་དང་འཕྲོད་བསྟེན་གྱི་བཀའ་བློན་གནང་བའི་ཐོག ཕྱི་ལོ་ ༡༩༩༥ ནས་བཀའ་བློན་ཁྲི་པའི་མཛད་འགན་བཞེས་པ་དང༌།  ཡང་ཕྱི་ལོ་ ༡༩༩༧ ལོར་སླར་ཡང་བཀའ་བློན་དུ་འདེམས་ཐོན་བྱུང་སྟེ། ཕྱི་ལོ་ ༢༠༠༡ བར་སྐབས་ ༡༡ བཀའ་ཤག་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་ཐོག་ནང་སྲིད་དང། བདེ་སྲུང། ཆོས་རིག་ལྷན་ཁང་བཅས་ཀྱི་བཀའ་བློན་གནང་བའི་རྗེས། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་གྱི་ལས་ཡུན་གཙང་རྗེས་བགྲེས་ཡོལ་དུ་ཕེབས་པ་ཡིན་པར་ ། ད་རེས་བློ་ཕམ་གྱི་གནས་ཚུལ་ཞིག་ལ་མི་རབས་རྒན་པ་སྐུ་ངལ་སྐྱོན་མཁན་དེ་འདྲ་ཞིག་འདས་གྲོངས་ཕྱིན་པར་ཚང་མས་ཐུགས་སྨོན་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎