ནང་ཆོས་ལ་སློབ་གཉེར་བྱ་དགོས་པའི་བཀའ་གནང་འདུག


2016.11.19
ནང་ཆོས་ལ་སློབ་གཉེར་བྱ་དགོས་པའི་བཀའ་གནང་འདུག ནང་ཆོས་ལ་སློབ་གཉེར་བྱ་དགོས་པའི་བཀའ་གནང་འདུག
Photo: RFA

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་པོའི་ཡུལ་གྲུ་ནི་དཔལ་ནཱ་ལནྡཱའི་བཞད་པ་རྒྱུན་འཛིན་བྱ་མཁན་གྱི་ནང་པའི་ཡུལ་གྲུ་ཞིག་ཡིན་སྟབས། ངེས་པར་ནང་ཆོས་ལ་སློབ་གཉེར་བྱ་དགོས་པ་བཀའ་སློབ་ནན་ཏན་གནང་ཡོད་པ་རེད།
དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏུར་ནང་གི་མཛད་འཆར་ཡོངས་རྫོགས་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ནང་བསྐྱངས་གནང་མཛད་ཅིང་། དེ་ཡང་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སོག་ཡུལ་དགའ་ལྡན་དགོན་ནས་བླ་མ་མཆོད་པའི་སྒོ་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་ཅིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་ཡུལ་གྱི་ད་ལྟའི་གནས་སྟངས་ནི་དེ་སྔོན་ཕྱི་ལོ་ ༡༩༧༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཐོག་མར་ཞབས་སོར་འཁོད་སྐབས་དང་མི་འདྲ་བར་ད་ལྟ་སོག་ཡུལ་རང་བཙན་རྒྱལ་ཁབ་ཞིག་ཆགས་སྟེ་གནས་ཡོད་སྟབས། དཔལ་ནཱ་ལནྡཱའི་བཤད་སྒྲུབ་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་བྱ་རྒྱུར་དམིགས་བསལ་དོ་འཁུར་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ཉིན་གུང་ལྗགས་སྨིན་དགའ་ལྡན་དགོན་དུ་མཁན་པོ་བླ་མ་དང་དེ་མིན་སོག་ཡུལ་གྱི་དགོན་སྡེ་ཁག་གི་མཁན་པོ་ལེ་སྣེ་སོགས་དང་ལྷན་དུ་གནང་ཞིང་། ཉིན་གུང་ལྗགས་སྨིན་གྲུབ་རྗེས་ཞོགས་པ་སྔ་པོ་ནས་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་རེ་བའི་ཐོག་ནས་སླེབས་པའི་སྐྱ་སེར་དད་ལྡན་མང་ཚོགས་རྣམས་ལ་གངས་ཀྱི་ཁེངས་པའི་སྤྱན་རས་གཟིགས་གྲྭ་ཚང་གི་མདུན་ཐང་དུ་སྐུ་བཞེངས་ཀྱི་ཐོག་སོག་པོ་ཚོ་ཧ་ཅང་གི་ཆོས་དད་ཆེན་པོ་ཡོད་པ་དང་། འོན་ཀྱང་སངས་རྒྱས་ཀྱི་ཆོས་ལ་ངེས་པར་ཤེས་ནས་དད་པ་ཐོབ་པ་ཞིག་བྱ་རྒྱུ་གལ་ཆེ་ཡིན་སྟབས། ངེས་པར་དུ་ནང་ཆོས་ལ་སློབ་སྦྱོང་བྱ་གལ་ཆེ་བའི་བཀའ་སློབ་གནང་སོང་།  དེ་རིང་ཕྱི་ཚེས་ ༡༩ ཉིན་ཁ་སང་དང་མི་འདྲ་བར་ཉི་མ་བསྟན་ཡོད་ཀྱང་། གྲངས་ཚད་ནི་ཀླད་ཀོར་འོག་གི་ ༢༦ ཙམ་སྟེ་གནམ་གཤིས་ཧ་ཅང་གྲངས་ངར་ཆེན་པོ་བྱུང་ཡོད་པ་རེད།
མི་འབོར་ས་ཡ་གཉིས་དང་འབུམ་དགུ་ཙམ་ཡོད་པའི་སོག་ཡུལ་གྱི་ཡུལ་མི་མང་ཆེ་བ་ནང་པ་དང་དེའི་ནང་ནས་རི་བོ་དགེ་ལུགས་པའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་ཞིང་། ཁོང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་ནི་རང་གི་རྩ་བའི་བླ་མར་ངོས་འཛིན་ཞུ་བཞིན་ཡོད་པ་རེད།
དེ་རིང་དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཙོ་བོ་སོག་ཡུལ་དགའ་ལྡན་དགོན་པ་དང་དེ་མིན་དགོན་ཁག་གཞན་ནས་ཕེབས་པའི་དགེ་འདུན་པ་བརྒྱད་བརྒྱ་ལྷག་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་པོའི་དགོན་པ་ཚོས་དེ་སྔའི་གོམས་གཤིས་ལྟ་བུ་སྔགས་ཆོག་གི་འདོན་པ་བཏོན་རྒྱུ་དང་ཞབས་བརྟན་བྱ་རྒྱུ་སོགས་ལ་ཡིད་ཚིམ་སྟེ་མ་གནས་པར། ངེས་པར་དཔལ་ནཱ་ལནྡཱའི་མཁས་པ་རྣམ་པའི་བསྟན་བཅོས་ལ་སློབ་སྦྱོང་བྱེད་དེ་དུས་རབས་ཉི་ཤུ་པའི་ཆོས་པ་ཞིག་བྱེད་དགོས་པ་བཀའ་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཞུང་ཆེན་བཀའ་པོད་ལྔ་ལ་རིགས་པས་བརྡར་ཤ་གཅོད་པའི་ཐོག་ནས་ཤེས་ཐུབ་པ་ཞིག་བཟོ་དགོས་པ་དང་དེའི་ཆེད་དུ་ངེས་པར་ཚད་མའི་གཞུང་ལ་སློབ་སྦྱོང་བྱ་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འདུལ་བའི་ཉམས་ལེན་ཚུལ་བཞིན་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ཡང་བཀའ་གནང་ཡོད་པ་རེད།
སང་ཉིན་ཕྱི་ཚེས་ ༢༠ ཐམ་པའི་ཉིན་སོག་ཡུལ་གནམ་ཐང་ཉེ་འགྲམ་དུ་ཆགས་པའི་རྩེད་མོའི་ཚོགས་ཁང་ཆེན་པོ་ཞིག་གི་ནང་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་པ་རེད། ཚོགས་ཁང་དེའི་ནང་ཕྱི་ལོ་ ༢༠༡༡ ལོར་ཡང་གསུང་ཆོས་སྩལ་གནང་མཛད་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎