བཀག་འགོག་མེད་པར་བོད་ནང་འགྲོ་བསྐྱོད་བྱེད་ཆོག་པའི་གྲོས་འཆར།

0:00 / 0:00

བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་གནས་ཚུལ།

གསར་འགོད་པ་སོགས་བཀག་འགོག་མེད་པར་བོད་ནང་འགྲོ་བསྐྱོད་བྱེད་ཆོག་པ་བཟོ་རྒྱུར་དམིགས་པའི་ཁྲིམས་གཞིའི་གྲོས་འཆར་ཞིག་བཏོན་འདུག
དེ་ཡང་འདི་ཚེས་༡༢ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་མངའ་སྡེ་Massachusettsཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་Jim McGovernགྱིས། ཨ་རིའི་དཔོན་རིགས་དང་མི་སེར། དེ་བཞིན་གསར་འགོད་པ་སོགས་བཀག་འགོག་མེད་པར་བོད་ནང་འགྲོ་བསྐྱོད་བྱེད་ཆོག་པ་བཟོ་རྒྱུར་དམིགས་པའི་ཁྲིམས་གཞིའི་གྲོས་འཆར་ཞིག་བཏོན་གནང་མཛད་ཡོད་པ་དང་། ཁྲིམས་གཞིའི་གྲོས་འཆར་ཨང་HR 4851ཞེས་པའི་ནང༌། རྒྱ་ནག་གི་དཔོན་རིགས་དང་མི་སེར་རྣམས་ཨ་རིའི་ས་གནས་གང་སར་འགོག་རྐྱེན་མེད་པར་བསྐྱོད་འཐུས་ཆོག་གི་ཡོད་ཀྱང༌། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གིས་ཕྱི་མི་བོད་ནང་བསྐྱོད་རྒྱུར་རྒྱ་ནག་གི་ས་ཁུལ་གཞན་ཚང་མ་ལས་དམ་བསྒྲགས་བཀག་བསྡོམས་ཆེ་བ་བྱེད་བཞིན་པའི་རྐྱེན་གྱིས། བོད་དང་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གཞན་དང་ཁ་བྲལ་ནས་སྡོད་དགོས་ཀྱི་ཡོད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱང་རྟོག་ཞིབ་མི་ཐུབ་པ་ཆགས་ཀྱི་ཡོད་པར་བརྟེན། ཕྱིན་ཆད་རྒྱ་ནག་གཞུང་གིས་ཨ་རིའི་དཔོན་རིགས་དང་མི་སེར། དེ་བཞིན་གསར་འགོད་པ་སོགས་འགོག་རྐྱེན་མེད་པར་བོད་ནང་བསྐྱོད་འཐུས་ཆོག་པ་བཟོ་དགོས་པ་དང༌། དེ་ལྟར་མ་བྱས་ན། བོད་ནང་བསྐྱོད་འཐུས་མི་ཆོག་པའི་དམ་བསྒྲགས་བྱེད་མཁན་རྒྱ་མིའི་འགོ་ཁྲིད་རྣམས་ཀྱང་ཨ་རིའི་ནང་ཡོང་མི་ཆོག་པ་བཟོ་རྒྱུའི་ཆེད་ཡིན་ཞེས་དང༌། ཡང་ཁྲིམས་གཞིའི་གྲོས་འཆར་འདི་ལྟབུ་ཞིག་འདོན་དགོས་པའི་དམིགས་ཡུལ་གཙོ་བོ་ནི།་རྒྱལ་ཁབ་གཉིས་དབར་ཕན་ཚུན་འགྲུལ་བསྐྱོད་ཉུང་དུ་གཏོང་རྒྱུའི་ཆེད་མིན་པར། བོད་དེ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་ཏེ་ཨ་རིའི་མི་མང་ཚོས་བོད་ཀྱི་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བལྟ་ཐུབ་པ་དང༌། དེ་བཞིན་བོད་མི་དང༌། བོད་ཀྱི་རིག་གཞུང་སོགས་ཨ་རིའི་མི་མང་གིས་ཤེས་ཐུབ་པའི་ཆེད་དུ་དམིགས་པ་ཡིན་ཞེས་གྲོས་ཚོགས་འཐུས་མི་ Jim McGovern གྱིས་གསུང་འདུག འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ད་ཐེངས་ཀྱི་གྲོས་འཆར་བརྒྱུད་ནས་བོད་ནང་གི་བོད་མི་ཚོའི་འཐབ་རྩོད་དེ་ཨ་རིའི་གྲོས་ཚོགས་དང་། མི་དམངས་ཀྱིས་བརྗེད་ཀྱིན་མེད་པ་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་སྲ་བརྟན་ཡིན་པ་གསུངས་ཡོད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་ངག་དབང་ཆོས་འཕེལ།