རྒྱ་ནག་གི་སྲིད་བློན་གཞོན་པ་ཀྲང་གོའོ་ཆིང་ཀོང་པོ་ཉིང་ཁྲིར་བསྐྱོད་པ།

རྒྱ་ནག་གི་སྲིད་བློན་གཞོན་པ་ཀྲང་གོའོ་ཆིང་གིས་བོད་ནང་ཆུ་རགས་ལས་གཞིས་ཁོར་ཡུག་དང་བདེ་འཇགས་ལ་གནོད་འཚེ་མི་ཡོང་བ་གལ་ཆེར་བཤད་ཀྱང་། དབྱེ་ཞིབ་པས་སྣོད་བཅུད་ལ་དོ་ཕོག་ཡོང་རྒྱུ་ཡིན་པ་བརྗོད།

རྒྱ་ནག་གི་སྲིད་བློན་གཞོན་པ་ཀྲང་གོའོ་ཆིང་གིས་བོད་ནང་ཆུ་རགས་ལས་གཞིས་ཁོར་ཡུག་དང་བདེ་འཇགས་ལ་གནོད་འཚེ་མི་ཡོང་བ་གལ་ཆེར་བཤད་ཀྱང་། དབྱེ་ཞིབ་པས་སྣོད་བཅུད་ལ་དོ་ཕོག་ཡོང་རྒྱུ་ཡིན་པ་བརྗོད།

རྒྱ་ནག་གི་སྲིད་བློན་གཞོན་པ་ཀྲང་གོའོ་ཆིང་ (Zhang Guoqing) གིས་ཡར་ཀླུང་གཙང་པོའི་ཆུ་རགས་འཛུགས་སྐྲུན་གྱི་ས་ཚིགས་འཁེལ་བའི་ཀོང་པོ་ཉིང་ཁྲི་ཁུལ་དུ་ཕྱི་ཟླ་ ༤ ཚེས་ ༡༠ ནས་ ༡༢ བར་སྐོར་སྐྱོད་བྱས་ཤིང་། སྔ་ལོའི་ཕྱི་ཟླ་ ༧ ནས་འགོ་འཛུགས་བྱས་པའི་ཡར་ཀླུང་གཙང་པོའི་ཆུ་རགས་འཛུགས་སྐྲུན་བྱེད་ཡུལ་དུ་སྐྱོད་སྐབས། འཛུགས་སྐྲུན་གྱི་ལས་གཞིར་ལྟ་རྟོག་བྱེད་མཁན་རྒྱ་ནག་གཞུང་འབྲེལ་སྡེ་ཚན་ཏེ་ཡ་ཅང་ Yajiang ཚོགས་པའི་མི་སྣར་ཆུ་རགས་ཆེན་པོ་དེ་དག་གིས་སྐྱེ་ཁམས་ཁོར་ཡུག་གི་རང་བཞིན་ལ་དོ་ཕོག་མི་བྱུང་བ་དང་། བདེ་འཇགས་གཉིས་གཙོ་འདོན་བྱ་དགོས་ཞེས་བརྗོད་པ་ཤིན་ཧྭ་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག་ལ། འཛུགས་སྐྲུན་དེ་ནི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འཆར་ཆེ་ཤོས་ཤིག་ཡིན་པ་བརྗོད་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་དེ་སྔ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་རྒྱག་རྒྱུའི་གསལ་བསྒྲགས་ཟིན་ཡང་། འཛུགས་སྐྲུན་གྱི་དུས་བཀག་དང་དེས་ཁོར་ཡུག་ལ་གནོད་སྐྱོན་གང་འདྲ་ཐེབས་མིན་སོགས་ཀྱི་གནད་དོན་ཁ་གསལ་ཕྱིར་བསྒྲགས་བྱས་མེད་པས། ཀྲང་གིས་ཆུ་རགས་ཀྱི་ལས་གཞི་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་རྫུན་གཏམ་སྤེལ་བ་ལྟ་བུར་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།

བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་འཚོ་ལགས་ཀྱིས་ཀྱང་བོད་ནང་ཆུ་མཛོད་ཀྱི་ལས་གཞི་བསྟུད་མར་སྤེལ་བཞིན་པ་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་པ་དང་སྦྲགས། བོད་ཀྱི་ས་གཤིས་ནི་ས་ཡོམ་བྱུང་ཉེན་ཆེ་བ་ཞིག་ཆགས་ཀྱི་ཡོད་པས། གལ་ཏེ་ཆུ་མཛོད་ཆེ་ཁག་དེ་རིགས་བསྟུད་མར་འཛུགས་སྐྲུན་བྱས་ཚེ་མ་འོངས་ས་ཡོམ་མང་པོ་ཡོང་བའི་དཀའ་ངལ་འཕྲད་སྲིད་ཅིང་། ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་འཛུགས་སྐྲུན་བྱེད་པ་དེས་བོད་ཙམ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་མང་གི་འཚོ་བར་དོ་ཕོག་འགྲོ་རྒྱུ་ཡིན་པ་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་འཛུགས་སྐྲུན་བྱེད་བཞིན་པ་དེ་ནི་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལས། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་ཇི་ཐེབས་ལ་སྣང་མེད་གཏོང་གི་ཡོད་ཅིང་། དེས་ཁོར་ཡུག་ལ་དོ་ཕོག་གཏོང་ངེས་ཡིན་པ་རྒྱ་གར་གྱི་ཉམས་ཞིབ་པ་ཁག་ཅིག་གིས་བརྗོད་ཡོད།

དེ་ཡང་རྒྱ་ནག་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ (Sriparna Pathak) ལགས་ཀྱིས། རྒྱ་ནག་གི་འདས་པའི་ལོ་རྒྱུས་ལ་གཞིགས་ན། ཁོ་ཚོས་བོད་ནང་ཆུ་རགས་འཛུགས་སྐྲུན་བྱས་པ་དེ་དག་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ནུས་ཤུགས་སྐྲུན་རྒྱུའི་ཁེ་ཕན་ལ་གཙོ་བོར་དམིགས་པ་ལས། གཤམ་འོག་གི་རྒྱལ་ཁབ་ཁག་ལ་ཐེབས་ཉེན་ཡོད་པའི་ཤུགས་རྐྱེན་དང་རྒྱལ་སྤྱིའི་གཙང་ཆུའི་ཁྲིམས་ལུགས་སོགས་ལ་སྣང་མེད་གཏོང་གི་ཡོད་ལ། རྒྱ་ནག་གིས་ཁས་ལེན་བྱེད་པ་རྣམས་ནི་ཁ་གསལ་མེད་ཅིང་ཆ་འཇོག་ཐུབ་ཐབས་མེད་ཅེས་བརྗོད་ཀྱི་འདུག

ད་དུང་ཁོང་གིས། ཆུ་རགས་འཛུགས་སྐྲུན་བྱེད་བཞིན་པ་དེས་ཆུའི་བཞུར་ཚད་ལ་འགྱུར་བ་འགྲོ་རྒྱུ་དང་། དེས་ཞིང་ལས་དང་འཐུང་ཆུར་དཀའ་ངལ་འཕྲད་རྒྱུ། དེ་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་གནོད་སྐྱོན་གཏོང་རྒྱུ་ཡིན་པས། རྒྱ་གར་ངོས་ནས་གནད་དོན་དེའི་ཐད་སེམས་འཚབ་ཡོད་པ་གསལ་སྟོན་ཡང་ཡང་བྱས་ཡོད་ལ། རྒྱ་གར་ངོས་ནས་རྒྱ་ནག་གིས་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་དེ་དག་མ་འོངས་པར་གོ་མཚོན་ལྟ་བུར་བེད་སྤྱོད་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་གསུངས་བྱུང་།

ཡང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། རྒྱ་ནག་གིས་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཁོར་ཡུག་ལ་གནོད་འཚེ་མེད་པ་བརྗོད་ཀྱི་ཡོད་ཀྱང་། བོད་ཀྱི་ཆུ་བོ་ཁག་ཏུ་ཆུ་རགས་མང་པོ་གསར་རྒྱག་བྱས་པ་དེས། ཆུ་རྒྱུན་དེ་དག་དུས་རབས་མང་པོའི་རིང་རང་བཞིན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་རྒྱུག་བཞིན་པ་དེར་ཚོད་འཛིན་དང་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། ཆུ་རགས་འཛུགས་སྐྲུན་མང་པོ་བྱས་པ་དེས་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་ལའང་གནོད་འཚེ་གཏོང་གི་ཡོད་པས། རྒྱལ་ཁབ་གཞན་ཁག་གིས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་མ་བྱས་ཚེ་ཕྱིས་སུ་གྱོང་གུན་ཆེན་པོ་ཕོག་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དེ་སྔ་གསུངས་ཡོད་ལ། རྒྱ་གར་གྱི་ཁོར་ཡུག་ཉམས་ཞིབ་པ་ (S. Viswanath) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་འབྲེལ་མཚམས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་འཛུགས་སྐྲུན་བྱེད་པ་དེ། རྒྱ་གར་ལ་སེམས་ཁྲལ་གཙོ་བོ་ཞིག་ནི་ས་གཞི་བརྟན་པོ་མེད་པའི་ས་ཁུལ་དུ་འཁེལ་གྱི་ཡོད་པས། ས་ཡོམ་དང་རི་ཉིལ་སླ་བ་དང་། ལྷག་པར་དུ་ཤོང་ཚད་ཧ་ཅང་ཆེ་བའི་ཆུ་འབོར་རྐྱེན་གྱིས་གནས་ཚུལ་དེ་བས་ཛ་དྲག་ཏུ་འགྲོ་སྲིད་པ་ཞིག་ཡིན་སྐོར་བརྗོད་ཡོད།

རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་དེ་ནི་ད་བར་གྱི་འཛམ་གླིང་གི་ཆུ་མཛོད་འཛུགས་སྐྲུན་གྱི་འཆར་གཞི་ཆེ་ཤོས་དང་། ཨ་རིའི་ཌོ་ལར་ཐེར་འབུམ་ ༡༧༥ བྱས་ཏེ་འགྲོ་གྲོན་ཆེ་ཤོས་དེ་ཡང་ཆགས་རྒྱུ་ཡིན་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།