བྱིས་གཉོར་ཁང་ནས་ཐོན་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་བཤད་མི་ཐུབ་པར་གྱུར་ཡོད་པ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་ནང་གི་བོད་ཕྲུག་ཚོའི་བོད་སྐད་དང་བོད་ཡིག་ལ་བཀོལ་སྤྱོད་བྱེད་ས་མེད་སྐོར་གསལ་སྟོན་བྱས་འདུག

བྱིས་གཉོར་ཁང་ནས་ཐོན་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་བཤད་མི་ཐུབ་པར་གྱུར་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསལ་སྟོན་བྱས་འདུག

སྐལ་བཟང་བདེ་སྐྱིད་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་བོད་སྐད་བཀོལ་སྤྱོད་བྱས་ཏེ་འཚར་ལོངས་བྱུང་པའི་མི་རབས་ཤིག་ཡིན་པ་དང་། དེང་སྐབས་ཁོ་མོས་ཨ་རི་མངའ་སྡེ་མི་ནི་སོ་ཊའི་ནང་བོད་པའི་ཕྲུ་གུ་ཚོར་བོད་ཡིག་སློབ་ཁྲིད་བྱེད་ཀྱི་འདུག དེའི་རྒྱུ་མཚན་ནི་ཁོང་མོ་འཚར་ལོངས་བྱུང་སའི་བོད་ནང་དུ་དེང་སྐབས་རྒྱ་ནག་གཞུང་གིས་འཆར་གཞི་དང་ལམ་ལུགས་ཤིག་གི་འོག་བོད་སྐད་དེ་བསུབ་བཞིན་ཡོད་པ་དེ་ཡིན་པ་གསུང་གི་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཚོས་ཕ་མེས་ནས་སྤྱོད་བཞིན་པའི་ཕ་སྐད་རྩ་མེད་བཟོ་ཡི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་ཕྱི་ཟླ་ ༥ ཚེས་ ༤ ཉིན་བཏོན་པའི་སྙན་ཐོའི་ནང་གསལ་སྟོན་བྱས་འདུག བོད་པའི་བྱིས་པ་ཞིག་ཐོག་མར་བྱིས་གཉོར་ཁང་དུ་འགྲོ་བའི་སྐབས། བདུན་ཕྲག་ཁ་ཤས་ནང་ཕྲུ་གུ་དེའི་བོད་སྐད་གཤོད་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད་པ་མ་ཟད། རང་ཁྱིམ་དུ་ཡང་ཕ་མ་གཉིས་དང་མཉམ་དུ་བོད་སྐད་བཀོལ་སྤྱོད་ཐུབ་ཀྱི་མེད་པས་ལོ་ན་དྲུག་ལ་སླེབས་སྐབས་བོད་པའི་ཕྲུ་གུ་དེ་དག་རང་ཉིད་རྒྱ་མི་ཡིན་པའི་འདུ་ཤེས་འཛིན་མཁན་ཞིག་བཟོ་གི་ཡོད་པ་དང་། འགྲོ་བ་མིའི་ཐོག་ཐང་ལྟ་ཞིབ་ཚོགས་པས་གནད་དོན་འདི་ནི་རྒྱ་ནག་གཞུང་གི་སྲིད་བྱུས་ལག་བསྟར་བྱེད་པའི་ཕུགས་བསམ་གྱི་དམིགས་ཡུལ་ཞིག་འགྲུབ་ཀྱི་ཡོད་པ་གསུང་གི་འདུག

སྐལ་བཟང་བདེ་སྐྱིད་ལགས་ཀྱིས་ལོ་ངོ་ ༡༦ རིང་བཙན་བྱོལ་ནང་ཡོད་པའི་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་ཡོད་ཅིང་། བོད་ནང་འཚར་ལོངས་བྱུང་བཞིན་པའི་ཕྲུ་གུ་ཚོས་བྱིས་གཉོར་ཁང་དུ་བོད་སྐད་གཤོད་མི་དགོས་པའི་སྲིད་ཇུས་ལག་བསྟར་འོག་བོད་ཀྱི་སྐད་ཡིག་ནག་བསུབ་ཏུ་འགྲོ་བའི་གནས་ཚུལ་ཐོས་སྐབས། འདི་ནི་བློ་ཕམ་གྱི་གཞི་རྩ་ཡིན་པ་དང་། མིའི་ལུས་པོ་ནས་སྙིང་བཏོན་པ་དང་། ཤིང་སྡོང་གི་རྩ་བ་བཀོག་པ་ལྟར་ཡིན་པས་སྐད་ཡིག་ཀྱང་དེ་ལྟར་ལམ་གསེང་འཆི་ངེས་རེད། བོད་སྐད་ནི་བོད་མིའི་ངོ་བོ་ལྟེ་བ་དེ་ཡིན་པས། རྒྱ་གཞུང་གིས་དེ་ལྟའི་ནག་བསུབ་གཏོང་བའི་སྲིད་ཇུས་ཚབས་ཆེན་ལག་བསྟར་བྱེད་ཀྱི་ཡོད་རེད་ཅེས་གསུངས་བྱུང་།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ (Maya Wang) ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ཡོད་མཁན་གྱི་མི་ཚོ་ཡང་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་གསུངས་བྱུང་།

དེ་ཡང་ཁོང་གིས་གསུངས་དོན་དུ། སྲིད་ཇུས་དེའི་འོག་སྐད་ཡིག་རྩ་མེད་བཟོས་པ་ཙམ་མ་ཟད། སྔོན་འགྲོའི་སློབ་གྲྭར་སློབ་ཁྲིད་བྱེད་པའི་སློབ་ཚན་ནང་རྒྱ་ནག་གི་རྒྱལ་ཞེན་གྱི་སློབ་གསོ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ལར་ཞེན་དགོས་པ། རྒྱ་མི་རིགས་ཀྱི་རིག་གནས་ལག་བསྟར་དགོས་མཁོ་སོགས་ལག་བསྟར་གྱིས་བོད་བརྒྱུད་ནང་བསྟན་དང་རིག་གནས་ཀྱི་སྲོལ་རྒྱུན་ཡོངས་རྫོགས་མེད་པ་ཆགས་འགྲོ་གི་འདུག དེ་བཞིན་བོད་རིགས་ས་ཁུལ་དུ་བཏང་པའི་དགེ་རྒན་རྣམས་ལ་ཐ་ན་བོད་སྐད་གཤོད་མི་དགོས་པ་བཟོས་པ་མ་ཟད། སྒེར་གཉེར་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་ཡོད་པ་དང་། བོད་མི་ཚོའི་ཁྱིམ་དུ་ཡང་རྒྱ་སྐད་གཤོད་དགོས་པ་དང་དེ་ལ་ཁུངས་སྐྱེལ་ར་སྤྲོད་བྱེད་པའི་བརྙན་སོགས་མིག་སྟོན་བྱེད་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་རེད་ཅེས་གསུངས་བྱུང་།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་ནང་དུ་བྱིས་ཉོར་ཁང་དུ་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་རྒྱུར་དམ་དྲག་ཡོད་པ་གསལ་སྟོན་བྱས་འདུག
བོད་ཕྲུག་ཚོའི་བོད་སྐད་བཀོལ་སྤྱོད་ཀྱི་རང་དབང་མེད་པ་གསལ་སྟོན་བྱས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་ནང་དུ་བྱིས་ཉོར་ཁང་དུ་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་རྒྱུར་དམ་དྲག་ཡོད་པ་གསལ་སྟོན་བྱས་འདུག (RFA Tibetan)

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ཤེས་རིག་ལྷན་ཁང་ནས་བྱིས་པའི་གཏམ་བཤད་མཐུན་སྒྲིལ་གྱི་འཆར་གཞི་ (Children’s Speech Harmonization Plan) ཞེས་པའི་ཡིག་ཆ་འདོན་སྤེལ་བྱས་ཏེ་བོད་ཚུད་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྔོན་འགྲོའི་སློབ་གྲྭར་སློབ་ཁྲིད་བྱེད་པའི་བརྒྱུད་ལམ་ཚང་མ་རྒྱ་ཡིག་ཚད་ལྡན་བེད་སྤྱོད་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད། སྲིད་ཇུས་དེའི་འོག་སྔོན་འགྲོ་སློབ་གྲྭའི་ནང་བོད་ཡིག་ནི་སློབ་ཁྲིད་ཀྱི་སྐད་ཡིག་ཁོངས་ནས་མེད་པར་བཟོས་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༤ ལོར་གཏམ་བཤད་བྱས་པ་ཞིག་གི་ནང་བྱིས་གཉོར་ཁང་ནས་འགོ་འཛུགས་ཀྱིས་སློབ་གསོ་སྤེལ་ཏེ་ཕྲུ་གུའི་སེམས་ནང་རྒྱལ་གཅེས་སློབ་གསོ་དང་རྒྱལ་ཞེན་གྱི་རིན་ཐང་སྐྲུན་པའི་ས་བོན་འཛུགས་དགོས་རེད་ཅེས་བཤད་ཡོད།

སྐལ་བཟང་བདེ་སྐྱིད་ལགས་ལ་མཚོན་ན། བདུན་ཕྲག་རྟག་པར་མི་ནི་སོ་ཊ་ས་གནས་སུ་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་གོ་སྐབས་ཡག་ཤོས་ཤིག་ཡིན་པ་གསུངས་བྱུང་ལ། བོད་ནང་གི་བོད་ཕྲུག་ཚོའི་གོ་སྐབས་འཕྲོག་གི་ཡོད་ཙང་། བཙན་བྱོལ་ནང་གི་བོད་ཕྲུག་ཚོར་ག་ཚོད་ཐུབ་ཐུབ་ཀྱི་མུ་མཐུད་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་ཀྱི་ཡིན་ཞེས་གསུངས་བྱུང་།

འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་སྐད་ཡིག་རིག་པ་བ་ཞིག་ལུང་འདྲེན་གྱིས་ལོ་དྲུག་ལ་སོན་པའི་བུ་མོ་ཞིག་གིས་བོད་སྐད་གོ་ཐུབ་པ་ཡིན་ཡང་ལན་འདེབས་བྱེད་སྐབས་རྒྱ་སྐད་ཁོ་ན་བརྒྱུད་མ་གཏོགས་བྱེད་ཐུབ་ཀྱི་མེད་པ་དང་། བུ་མོ་དེ་གྲོང་རྡལ་གྱི་སྔོན་འགྲོ་སློབ་གྲྭའི་འཛིན་གྲྭ་ནས་ཕྱིར་ཐོན་ཏེ་རྩེད་ཐང་ལ་མ་གཏོགས་བོད་སྐད་གཤོད་ཆོག་གི་མེད་པ་བརྗོད་འདུག་ལ། བོད་ཀྱི་སྐད་བརྡ་རིག་པ་བ་དེས། ལོ་ན་བཅུ་མན་གྱི་བྱིས་པ་ཚོས་ཕན་ཚུན་བོད་སྐད་གཤོད་ཀྱི་མེད་པ་དང་དེ་ནི་མི་རབས་གཅིག་གི་དུས་ཡུན་ནང་མི་རིགས་ཀྱི་གནད་དོན་རྩ་བརླག་འགྲོ་བའི་གཞི་རྩར་གྱུར་བ་རེད་ཅེས་བརྗོད་འདུག་ལ། རྒན་རབས་ཚོས་རང་གི་ཚ་བོ་དང་ཚ་མོའི་མཉམ་དུ་སྐད་ཆ་གཤོད་ཐུབ་ཐབས་མེད་པས། ཆོས་དང་རིག་གཞུང་། ངག་རྒྱུན་གྱི་ལོ་རྒྱུས་གཤོད་པའི་གོམས་སྲོལ་དེ་མེད་པར་ཆགས་པའི་གནས་སུ་ལྷུང་ཡོད་པ་བརྗོད་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།