ལྷ་སའི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཁྲིམས་སྒྲིག་འགལ་བའི་ཞིབ་བཤེར།

ལྷ་སའི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས་ཁྲིམས་སྒྲིག་ནས་འགལ་བའི་བརྟག་དཔྱད་བྱེད་བཞིན་ཡོད་པ།

ལྷ་སའི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས་ཁྲིམས་སྒྲིག་ནས་འགལ་བའི་བརྟག་དཔྱད་བྱེད་བཞིན་ཡོད་པ།

དེ་ཡང་ལྷ་ས་གྲོང་ཁྱེར་ལྷན་ཁང་གི་རྒྱུན་ལས་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས་སྒྲིག་ལམ་དང་ཁྲིམས་ལུགས་ནས་འགལ་འཛོལ་ཚབས་ཆེན་བྱུང་བའི་དོགས་གཞིའི་འོག་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་ལྟ་ཞིབ་ལྷན་ཁང་གིས་བརྟག་དཔྱད་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་བྱུང་ཞིང་། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ལ་ཡང་བཀོད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། དགྲ་འདུལ་ནི་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་། བོད་ཀྱི་ཁམས་འབའ་ཐང་ནས་ཡིན་པ་དང་། ཕྱི་ལོ་ ༡༩༩༡ ལོར་ལས་ཀའི་ནང་ཞུགས་ནས་གཞིས་རྩེའི་ཡུལ་སྐོར་ལས་ཁུངས་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་དུ་འགན་ཁུར་མྱོང་ཡོད་འདུག་ལ། དེ་ནས་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་ལས་ཁུངས་སོགས་ཚན་པ་ཁག་ཅིག་གི་ནང་ལས་ཁུར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ནས་༢༠༢༦ ལོ་བར་ལྷ་ས་གྲོང་ཁྱེར་གྱི་རྒྱུན་ལས་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་དང་རིམ་པ་དང་པོའི་སྐོར་ཞིབ་པའི་ལས་འགན་ཁུར་མཚམས་སུ་ཞིབ་བཤེར་འོག་ཚུད་ཡོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉེ་བའི་ལོ་ཤས་རིང་། མཐོ་རིམ་དཔོན་རིགས་མང་པོས་ལྐོག་ཟ་བྱས་པའི་གནད་དོན་ཐོག་ནས་ལས་གནས་ནས་ཕབ་པ་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཁག་ཅིག་བྱུང་ཡོད།

འོན་ཀྱང་བོད་ནང་གཞུང་ཕྱོགས་ཀྱིས་དམངས་ཁྲོད་དུ་ཕྱོགས་ཚང་མ་ནས་དམ་བསྒྲགས་ཆེན་པོ་ཡོད་བཞིན་དུ་བོད་ནང་གི་གཞུང་ཕྱོགས་ཀྱི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་འདི་ཧ་ཅང་ཚབས་ཆེན་པོ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ལ་ཞིབ་བཤེར་ཉེས་པ་བཏང་བ་ཁག་ཅིག་ནི་རྒན་ཡོལ་བྱས་ཟིན་པའི་མི་སྣ་ཡིན་ཞིང་། ད་ལྟ་ལྷ་སའི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ནི་ལས་གནས་ཐོག་ཡོད་བཞིན་པའི་དཔོན་རིགས་ཤིག་ཡིན་པ་འགྲེལ་བརྗོད་གནང་མཁན་བྱུང་།