བོད་ནང་འགྲོ་བསྐྱོད་ཀྱི་གདམ་ཀ་ཇི་ཡོད་ལ་ཨ་རིས་དཔྱད་ཞིབ་གནང་བཞིན་ཡོད་སྐོར་གསུངས་པ།

རྒྱ་ནག་གི་ལས་བྱེད་ཚོར་ཨ་རིའི་ནང་འགྲོ་འོང་གི་མཐུན་རྐྱེན་ཐོབ་ཀྱི་ཡོད་པ་ཇི་བཞིན་ཨ་རིའི་ལས་བྱེད་པ་ཚོར་ཡང་བོད་རང་སྐྱོང་ལྗོངས་དང་དེའི་ཕྱི་ཕྱོཊ་བོད་ཀྱི་ས་ཁུལ་དུ་བསྐྱོད་ཐུབ་ཆེད་ཐོངས་མཆན་བཀག་སྡོམ་ཐེ་བའི་ཕྱི་འབྲེལ་གྱི་ལག་ཆ་ཇི་ཡོད་ལ་དཔྱད་ཞིབ་བྱེད་མུས་ཡིན་ཞེས་ཕྱི་སྲིད་ལས་ཁུངས་ཀྱིས་གསུངས་བྱུང་།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་འགྲོ་བསྐྱོད་ཀྱི་གདམ་ཀ་ཇི་ཡོད་ལ་དཔྱད་ཞིབ་གནང་བཞིན་པ།

བོད་དུ་འགྲོ་འོང་གི་ཐོངས་མཆན་བཀག་སྡོམ་བྱེད་པའི་གནད་དོན་ཐེ་བའི་ཕྱི་འབྲེལ་གྱི་གདམ་ག་ཚང་མར་ད་ལྟ་དཔྱད་ཞིབ་བྱེད་བཞིན་ཡོད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རད་དབང་རླུང་འཕྲིན་ཁང་ལ་དམིགས་བསལ་ཡིག་ཐོག་ལན་འདེབས་གནང་པའི་ནང་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གསུངས་འདུག འོན་ཀྱང་ཨ་རི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་བེབས་བྱས་པའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་འབྲུ་དོན་འོག་ནས་ཐོངས་མཆན་བཀག་འགོག་སུ་ལ་བྱེད་ཡོད་མེད་སྐོར་གསང་གནས་ཀྱི་ཐོག་ནས་བརྗོད་མི་བདེ་བར་སོང་། རྒྱ་ནག་གི་དཔོན་རིགས་སུ་ཞིག་ལ་བཀག་སྡོམ་བྱས་ཡོད་མེད་གསལ་བཤད་གནང་མེད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་གོང་འོག་གིས་གཏན་འབེབས་དང་། ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་བཀོད་རྗེས་ཨ་རིའི་གཞུང་གི་ལག་བསྟར་ཁྲིམས་སུ་གྱུར་བའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་དེའི་འོག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་ཨ་རིའི་གྲོས་ཚོགས་ལ་ཨ་རིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ལ་ཨ་རིའི་ནང་དུ་བཀག་སྡོམ་མེད་པའི་ཐོག་ནས་བསྐྱོད་རྒྱུའི་རང་དབང་སྤྲོད་ཀྱི་ཡོད་པ་བཞིན། རྒྱ་ནག་གི་ངོས་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་རྣམས་བོད་ནང་དུ་བསྐྱོད་རྒྱུར་རང་དབང་གཅིག་མཚུངས་སྤྲད་ཡོད་མེད་ཀྱི་གནས་སྟངས་ཐད་ཞིབ་འཇུག་གནང་པའི་སྙན་ཐོ་ཞིག་འགོད་འབུལ་ཞུ་དགོས་ཀྱི་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་གནས་སྟངས་གསལ་བའི་སྙན་ཐོ་ཞིག་ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་སུ་འགོད་འབུལ་གནང་ཡོད་པའི་ནང་། བོད་རང་སྐྱོང་ལྗོངས་ཟེར་བ་ནི་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་ནས་ཕྱིའི་རྒྱལ་ཁབ་གང་ཞིག་ནས་འགྲུལ་བསྐྱོད་བྱེད་སྐབས་དམིགས་བསལ་ཆོག་མཆན་དགོས་པའི་ས་ཁུལ་དམ་དྲག་ཆེ་ཤོས་བྱེད་ས་གཅིག་པུ་དེ་ཡིན་པ་ཐེར་འདོན་གནང་འདུག

ཨ་རིའི་གཞུང་གིས་བོད་ནང་འགྲོ་འོང་གི་གནས་སྟངས་གཅིག་འགྱུར་ཡོང་ཐབས་གནང་བཞིན་ཡོད་སྐོར་གསུངས་པ།
བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་དང་འབྲེལ་བའི་སྙན་ཐོ་འགོད་འབུལ་ཞུས་པ། ཨ་རིའི་གཞུང་གིས་བོད་ནང་འགྲོ་འོང་གི་གནས་སྟངས་གཅིག་འགྱུར་ཡོང་ཐབས་གནང་བཞིན་ཡོད་སྐོར་གསུངས་པ། (RFA Tibetan)

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་སྲིད་ལང་ཁུངས་ལ་རྒྱ་ནག་གི་དཔོན་རིགས་སུ་ཞིག་ལ་བོད་ནང་བསྐྱོད་པར་ཁྲིམས་དེའི་འོག་ཕྱི་སྐྱོད་ལག་ཁྱེར་ལ་བཀག་འགོག་བྱས་ཡོད་མེད་བཀའ་འདྲི་ཞུས་པར། ཐོངས་མཆན་སྤྲོད་མིན་གྱི་ཐོ་འགོད་རྣམས་ཨ་རིའི་ཁྲིམས་ལུགས་ལྟར་གསང་བ་འཇོག་དགོས་ཀྱི་ཡོད་པ་དང་མི་སྒེར་གྱི་གནས་ཚུལ་རྣམས་ཡོངས་ཁྱབ་ཀྱི་གྲོས་བསྡུར་བྱེད་སྲོལ་མེད་པ། ཡང་འབྱུང་འགྱུར་གྱི་ཐོངས་མཆན་བཀག་སྡོམ་བྱ་རྒྱུའི་འཆར་གཞིར་སྔོན་དཔག་བྱེད་ཀྱི་མེད་པ་མ་ཟད་རྒྱ་ནག་གཞུང་འབྲེལ་མི་སྣས་ཨ་རིའི་ནང་བསྐྱོད་རྒྱུའི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་པ་བཞིན་ཕྱི་སྲིད་ལས་ཁུངས་ངོས་ནས་ཀྱང་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་ཡང་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་ལ་འགྲོ་བསྐྱོད་བྱེད་ཐུབ་པའི་ཆེད་དུ་མུ་མཐུད་དཔྱད་ཞིབ་བྱེད་མུས་ཡིན་ཞེས་གསུངས་བྱུང་།

ཡང་ཨ་རིའི་མི་སེར་ཡིན་པའི་བོད་མི་གང་ཞིག་བོད་དུ་བསྐྱོད་པར་ཆོག་མཆན་གྱི་ཡིག་ཆ་འཕར་མ་དགོས་པ་དང་། ཐོངས་མཆན་གྱི་འདྲི་རྩད་ཆེད་གང་ཟག་དངོས་སུ་བསྐྱོད་དགོས་པ། དེ་བཞིན་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་ཞིབ་བཤེར་འཕར་མ་བྱེད་ཀྱི་ཡོད་པ་སོགས་རྒྱ་ནག་གཞུང་གིས་མི་རིགས་གཞན་དང་མི་འདྲ་བའི་དམ་དྲག་ཤུགས་ཆེ་བ་བྱེད་ཀྱི་ཡོད་སྐོར་ཕྱི་སྲིད་ལས་ཁུངས་ཀྱིས་སྙན་ཐོའི་ནང་གསལ་སྟོན་གནང་ཡོད་སྟབས། ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ཀྱི་འགྲོ་འོང་གི་རང་དབང་སྲུང་སྐྱོབ་ཆེད་ཐབས་ལམ་དམིགས་བསལ་གང་ཞིག་ལག་བསྟར་གནང་ཡོད་མེད་དྲིས་པར། ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་མི་སེར་ཚོའི་བདེ་འཇགས་ནི་སྲིད་འཛིན་ཊམཔ་སྲིད་གཞུང་གིས་གལ་ཆེ་ཤོས་ཤིག་ལ་འཛིན་གྱི་ཡོད་པ་དང་། ཨ་རིའི་མི་སེར་ཚོ་འཛམ་གླིང་ས་ཕྱོགས་ཡོངས་ནང་འགྲུལ་སྐྱོད་བྱེད་སྐབས་འཆར་གཞི་སྒྲིག་སླད་རྒྱལ་ཁབ་དེ་དག་གི་གནས་བབ་གསལ་པོ་དང་དུས་ཐོག་མཁོ་སྤྲོད་བྱེད་རྒྱུར་གཙོ་འདོན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།།

པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།