འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་ཐོག་ལྟ་ཞིབ་བྱེད་མཁན་གྱི་ཁྱད་ལས་སྡེ་ཚན་ཚོས་བོད་ནང་དུ་གསར་འགོད་རང་དབང་གི་གནས་སྟངས་མུ་མཐུད་སྐྱོ་པོར་གནས་ཡོད་པ་གསུང་གི་འདུག
ཟླ་ ༥ ཚེས་ ༣ ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ (World Press Freedom Day) ཞེས་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། ཟླ་ ༤ ཚེས་ ༣༠ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིསི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ (Reporters Without Borders) ཀྱིས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱལ་ཁབ་ཁྱོན་ ༡༨༠ ལ་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་ནི་གསར་འགོད་རང་དབང་ཞན་པའི་རྒྱལ་ཁབ་ཨང་རིམ་ ༡༧༨ པ་དང་། ཨང་རིམ་ ༡༧༩ ལ་བྱང་ཀོ་རི་ཡ། ཨེ་རི་ཏྲིཡ་ཨ་རིམ་ ༡༨༠ བཅས་རྒྱལ་ཁབ་གསུམ་པོ་འདི་དག་འཛམ་གླིང་འདིའི་ཐོག་གསར་འགོད་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་མངོན་གསལ་དོད་པོའི་མིང་འདོན་བྱས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཉམས་ཞིབ་པ་བསྟན་འཛིན་ཀུན་མཁྱེན་ལགས་ཀྱིས། རྒྱ་ནག་གཞུང་གིས་གསར་འགོད་པའི་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་དེར་སེམས་ཚབས་བྱེད་ཀྱི་ཡོད་པ་བསྟུད་མར་གསལ་སྟོན་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ལ་ཡ་ལན་ཚུལ་བཞིན་མི་བྱེད་པར་ལོ་བསྟུད་མར་གསར་འགོད་རང་དབང་གི་ཚད་གཞི་དམའ་ཤོས་གྲས་སུ་སླེབས་བཞིན་པ་དེས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་ཕྱོགས་ལ་མཐོང་ཆུང་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱིས་བོད་ནང་དུ་བསྐྱོད་དེ་རང་དབང་ལྡན་པའི་ཐོག་ཉམས་ཞིབ་ཀྱིས་གནས་ཚུལ་བཀོད་ཆོག་པའི་སྐོར་རྒྱ་ནག་གཞུང་ལ་ཐེངས་མང་ཞུ་གཏུག་བྱས་ཡོད་ཀྱང་། དེར་ད་བར་ངོས་ལེན་མི་བྱས་པ་དང་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་ཕྱི་གསལ་ནང་གསལ་མེད་པ་སོགས་བོད་ནང་གི་གནས་ཚུལ་ཤེས་རྟོགས་ཐུབ་དཀའ་བའི་གནས་སུ་ལྷུང་ཡོད་ཅེས་གསུང་གི་འདུག
ལྷན་ཚོགས་དེའི་ཤར་ཨེ་ཤེ་ཡའི་འགན་འཛིན་ (Cedric Alviani) ལགས་ཀྱིས་ཡིག་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀའ་ལན་གནང་པའི་ནང་། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་བོད་ནང་གི་གནས་ཚུལ་ལ་སྔར་ལྷག་དམ་དྲག་བྱས་པ་ཙམ་མ་ཡིན་པར། (CNR) ལྟ་བུའི་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་བོད་སྐད་ལས་རིམ་བརྒྱུད། བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གིས་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་ལས་འགུལ་སྣ་མང་སྤེལ་བའི་བརྒྱུད་རང་དབང་ལྡན་པའི་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་དངུལ་མཁོ་སྤྲོད་གནང་དགོས་རྒྱུ་གལ་ཆེན་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་། བོད་ནང་གི་བོད་མི་ཚོས་ཁ་པར་དང་དྲ་རྒྱའི་ཐོག་ནས་ཕྱི་ལ་འབྲེལ་བ་བྱས་སྐབས་བོད་ནང་གི་གནས་ཚུལ་སྤྲད་པའི་ཉེས་མིང་འོག་བོད་མི་འཇུ་བཟུང་བྱས་པ་དང་བཀག་ཉར་བྱེད་བཞིན་ཡོད་པ་གསལ་འདོན་བྱས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་རྨ་ཆེན་རྫོང་གི་དབྱུག་ཞོང་སྡེ་པའི་ཁུལ་དུ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ཉིན་སྐད་འཕྲིན་བརྒྱུད་ནས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་ཉེས་མིང་བཙུགས་ཏེ་མགོ་ལོག་ནས་ཡིན་པའི་བསམ་གཏན་བཟང་པོ་ལགས་དང་ཚུལ་ཁྲིམས་ལགས་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་རང་དབང་སྐྱོ་ཤོས་གསུམ་གྱི་ཁོངས་སུ་མིང་འདོན་བྱས་པའི་རྒྱ་ནག་གིས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་དང་འབྲེལ་བའི་མིང་ཐོག་ནས་ཁྲིམས་ལུགས་མང་པོ་ཞིག་གསར་བཟོ་བྱས་ཏེ་རྒྱུན་དུ་གསར་འགོད་པ་འཛིན་བཟུང་བྱས་པའི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་། དེའི་བརྒྱུད་ནས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་གསར་འགོད་པ་ ༡༢༡ བཙོན་འཇུག་བྱས་ཡོད་པས་རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་བཀོད་འདུག་པ་མ་ཟད། རྒྱ་ནག་གིས་བརྡ་འཕྲིན་ཐོག་ཚོད་འཛིན་བྱེད་བཞིན་པ་དེར་གསར་འགོད་རང་དབང་སྐྱོ་བོའི་གྲས་ནས་ཨང་རིམ་ ༡༧༤ མིང་འདོན་བྱས་པ་ཁྱིམ་མཚེས་རྒྱལ་ཁབ་ཝིཡེཏ་ནམ་དང་ཨང་རིམ་ ༡༦༦ ལ་མིང་འདོན་བྱས་པ་མ་ཡེན་མར་བཅས་ཀྱིས་དམིགས་དཔེ་བལྟས་ནས། དྲྭ་ཐོག་ཞིབ་བཤེར་བྱེད་རྒྱུའི་མཚོན་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་ཐེར་འདོན་བྱས་འདུག
ཐེངས་འདིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་དེའི་ནང་། འཛམ་གླིང་གི་ཡུལ་གྲུ་དང་ས་ཁུལ་ཚང་མའི་སྤྱི་ཡོངས་ཀྱི་གསར་འགོད་རང་དབང་གྱི་ཆ་སྙོམ་སྐར་གྲངས་དེ་བཞིན་དེ་སྔ་དང་མི་འདྲ་བར་དམའ་བོར་གྱུར་ཞིང་། འཛམ་གླིང་ཐོག་གི་ཡུལ་གྲུའི་བསྡོམས་འབོར་ཕྱེད་ཀ་ལྷག་གི་ནང་གསར་འགོད་རང་དབང་ཐད་དཀའ་ངལ་ཚབས་ཆེར་གྱུར་བཞིན་པ་ནི། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ལོ་ངོ་ ༢༥ རིང་སྙན་ཐོ་འདོན་སྤེལ་བྱས་པའི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་ཞེས་བཀོད་འདུག
སྙན་ཐོའི་ནང་ད་དུང་། གསར་འགོད་རང་དབང་ནི་གསར་འགོད་པ་སྒེར་དང་ཚོགས་པ་སུ་ཡིན་རུང་དེར་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་བྱེད་པའི་ཁེ་ཕན་གྱི་ཆེད་དུ་གསར་འགྱུར་འདེམས་སྒྲུག་དང་། མཁོ་འདོན། འགྲེམས་སྤེལ་བཅས་བྱེད་པའི་ནུས་པ་ལྡན་དགོས་ཤིང་། དེར་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས། སྤྱི་ཚོགས་བཅས་ཀྱི་ཤུགས་རྐྱེན་ཐོག་ནས་ཐེ་བྱུས་མེད་པ་དང་། གསར་འགོད་པའི་ལུས་སེམས་གཉིས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་མེད་པ་ཞིག་དགོས་པ་དེར་གོ་བ་ཡིན་ཞེས་བཀོད་འདུག
ཁ་སྣོན་གསར་འགོད། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
