བོད་ནང་ཙམ་མིན་པར་བཙན་བྱོལ་ནང་དུའང་གསར་འགོད་རང་དབང་ལ་འཇིགས་སྐུལ་བྱེད་པ།

ཕྱི་ཟླ་ ༥ ཚེས་ ༣ ཉིན་ནི་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་པ་རེད།

བོད་ཙམ་མིན་པར་བཙན་བྱོལ་ནང་དུའང་རྒྱ་གཞུང་གིས་གསར་འགོད་རང་དབང་ལ་འཇིཊ་སྐུལ་བྱེད་ཀྱི་ཡོད་སྐོར་གསུངས་པ།

རྒྱ་ནག་གཞུང་གིས་བོད་ནང་གི་གསར་འགོད་རང་དབང་ཙམ་མིན་པར་བཙན་བྱོལ་ནང་དུའང་གསར་འགོད་རང་དབང་ལ་རྣམ་པ་འདྲ་མིན་གྱི་སྒོ་ནས་འཇིགས་སྐུལ་བྱས་ཏེ། གསར་འགོད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པའི་སྐོར་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་ནས་ཕྱི་ཟླ་ ༥ ཚེས་ ༣ ཉིན་ཏེ་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་དང་བསྟུན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

དེ་ཡང་ཁོང་གིས། བོད་ལྟ་བུ་རྒྱ་ནག་གི་གཉའ་གནོན་འོག་ལ་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང། འགྲོ་འདུག་གི་རང་དབང་མེད་པའི་ས་ཁུལ་ཞིག་ལ་གསར་འགོད་ཀྱི་རང་དབང་མེད་པར་སྲིད་གཞུང་གིས་མར་བཀོད་སྒྲིག་གང་བྱས་པ་དང་ཡིག་ཆ་དང་ཆོག་མཆན་གང་སྤྲད་པ་དེར་གཞིགས་པ་ལས། གནས་སྟངས་དངོས་སུ་རྒྱུས་ལོན་དང་ཉམས་ཞིབ་ཐུབ་པའི་ཁོར་ཡུག་ཅིག་མེད་པར་བརྟེན། གསར་འགོད་པ་དེ་དག་རང་དབང་གི་གསར་འགོད་པ་ཞིག་ཆགས་མི་སྲིད་པ་ཞིག་ཏུ་གྱུར་ཡོད་པ་བློ་ཐག་ཆོད་པོས་ཞུས་ན་འགྲིག་གི་རེད་ཅེས་བརྗོད་པ་ད་སྦྲགས། བོད་དང་རྒྱ་ནག་ནང་དུ་གསར་འགོད་པར་རང་དབང་མེད་པ་ཙམ་མིན་པར་བཙན་བྱོལ་ནང་ཡོད་པའི་གསར་འགོད་པ་དང་ཉམས་ཞིབ་པ། བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་མཁན་རྣམས་ཀྱི་ཕ་ཡུལ་དུ་ཡོད་པའི་ནང་མིར་གཉའ་གནོན་དང་འཇིགས་སྐུལ་སྣ་ཚོགས་བྱས་ཏེ། སྟངས་འཛིན་ཐུབ་ཐབས་བྱེད་བཞིན་པ་ནི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཞིག་ཏུ་ངོས་འཛིན་གྱིས་འགྲེལ་བརྗོད་གནང་བྱུང་ལ། བཙན་བྱོལ་ནང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་ཉམས་ཞིབ་གནང་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་གི་ནང་མིར་ཡང་ཐེངས་བཞི་ཙམ་འབོད་འགུག་གིས་འདྲི་རྩད་བཀག་ཉར་སོགས་ཀྱི་དཀའ་ངལ་འཕྲད་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

ཟླ་ ༤ ཚེས་ ༣༠ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོཊ་(Reporters Without Borders) ཀྱིས་ཕྱི་ལོ་ ༢༠༢༦ ལོའི་སྙན་ཐོ་བཏོན་པའི་ནང་རྒྱལ་ཁབ་ ༡༨༠ ཁོངས་ནས་གསར་འགོད་རང་དབང་ལ་དོ་ཕོག་གཏོང་མཁན་སྡུག་ཤོས་གསུམ་གྱི་ཁོངས་སུ་རྒྱ་ནག་མིང་འདོན་བྱས་ཡོད་པ་དང་འབྲེལ། མཐུན་ཚོགས་དེའི་ཤར་ཨེ་ཤེ་ཡའི་འགན་འཛིན་སེ་ཌརིཀ་ཨལ་ཝྱི་ནི་ (Cedric Alviani) ལགས་ཀྱིས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་བོད་ནང་གི་གནས་ཚུལ་ལ་སྔར་ལྷག་དམ་དྲག་བྱས་པ་ཙམ་མ་ཡིན་པར། (CNR) ལྟ་བུའི་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་བོད་སྐད་ལས་རིམ་བརྒྱུད། བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་གི་འདོད་ཕྱོགས་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་ལས་འགུལ་སྣ་མང་སྤེལ་བའི་བརྒྱུད་རང་དབང་ལྡན་པའི་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་དངུལ་མཁོ་སྤྲོད་གནང་དགོས་རྒྱུ་གལ་ཆེན་ཞིག་རེད་ཅེས་ཡིག་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

རྒྱ་ནག་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་གསུམ་གྱི་ནང་མིང་འདོན་བྱས་པ།
རྒྱ་ནག་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་གསུམ་གྱི་ནང་མིང་འདོན་བྱས་པ། རྒྱ་ནག་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་གསུམ་གྱི་ནང་མིང་འདོན་བྱས་པ། (RFA Tibetan)

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༣ ནས་ ༨ བར་རྒྱ་ནག་གཞུང་འབྲེལ་གྱི་རྒྱ་ནག་རྒྱལ་སྤྱིའི་གསར་འགྱུར་བརྗེ་རེས་བསྟི་གནས་ཁང་གི་བཀོད་སྒྲིག་འོག རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་གསར་འགོད་པ་ ༣༠ ཙམ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཀོང་པོ་ཉིང་ཁྲི་སོགས་སུ་ལྟ་སྐོར་དུ་ཁྲིད་པ་དང་མཉམ། བོད་ཀྱི་འཕེལ་རྒྱས་དང་བོད་མིའི་འཚོ་བ་ལེགས་པོ་ཡོད་ཚུལ་གྱི་སྐོར་བཀོད་པའི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་བསྒྲགས་ཡོད་པ་རེད།

ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་ལས་དོན་ཐད་ཞིབ་འཇུག་དང་ཐབས་བྱུས་འདིང་མཁན་གྱི་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་འཇོན་མུལེནར་(John R. Moolenaar) ལགས་ཀྱིས་ཟླ་ ༥ ཚེས་ ༡ ཉིན་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་རྒྱང་འཕྲིན་གློག་འཕྲུལ་ཡོ་ཆས་མུ་མཐུད་བེད་སྤྱོད་བྱེད་དགོས་པའི་ཉེན་ཚབས་ཀྱི་གནས་སྟངས་ཤིག་སྐྲུན་བཞིན་ཡོད་པས། རྒྱ་ནག་གི་རྒྱང་འཕྲིན་ཡོ་ཆས་ནི་རྒྱལ་ཁབ་ཀུན་གྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཡིན་པས་ཡོ་རོབ་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་གི་ངོ་རྒོལ་ལ་ལྟོས་མེད་ཀྱིས། རྒྱལ་ཁབ་སོ་སོའི་ཁེ་ཕན་དང་བདེ་འཇགས་གཙོ་བཟུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་འོག་མགོ་སྒུར་མི་རུང་བའི་འབོད་སྐུལ་ཞུས་འདུག

ཕྱོགས་མཚུངས་ཕྱི་ལོ་ ༢༠༢༥ ཟླ་ ༠༤ ཚེས་ ༡༣ ཉིན་བོད་རིགས་སྤྱི་དམངས་བདེ་འཇགས་ཚན་པ་ཞེས་པས་དྲྭ་ཐོག་གནས་ཚུལ་རྫུན་མ་འགྲེམས་སྤེལ་བྱེད་མཁན་ཡིན་པའི་ཉེས་འཛུགས་ཀྱིས་མི་ལྔ་འཇུ་བཟུང་བྱས་ཡོད་སྐོར་བསྒྲགས་འདུག་ཅིང་། དེའི་ནང་མི་སྒེར་ཞིག་གིས་ཁྲིམས་འགལ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སྤེལ་བའི་ཉེས་འཛུགས་ཀྱིས་ས་ཞིང་དང་། གཡག་སོགས་སྒོ་ཕྱུག་སེམས་ཅན། གཙང་ཆུ་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱི་ཡོད་པའི་གནས་ཚུལ་དང་། ཕུག་ལམ་བརྡིབ་སྐྱོན་བྱུང་བའི་གནས་ཚུལ་སོགས་དྲྭ་ཐོག་ནས་མི་བཟོས་རིག་ནུས་བཀོལ་སྤྱོད་ཀྱིས་གནས་ཚུལ་སྤྱི་ཚོགས་དྲ་ལམ་དུ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུགས་ཡོད་པ་ཟེར་བརྗོད་འདུག་ནའང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བོད་ནང་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་དྲྭ་རྒྱར་སྟངས་འཛིན་དམ་དྲག་བྱེད་ཀྱི་ཡོད་པ་བརྗོད་ཡོད་པ་རེད།

ལོ་ལྟར་ཟླ་ ༥ ཚེས་ ༣ ཉིན་སྲུང་བརྩི་ཞུ་བའི་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་འདིས། མང་གཙོའི་ནང་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་གྱི་ཁྱད་ཆོས་དང་རང་བཞིན་རྣམས་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། གསར་འགོད་པའི་བདེ་འཇགས་དང་གནས་ཚུལ་རྫུན་སྒྲིག་བྱས་པ་ཁག་ལ་འཐབ་རྩོད། འཛམ་གླིང་ཁྱོན་ཡོངས་སུ་ཉམས་ཆགས་འགྲོ་བཞིན་པའི་གསར་འགོད་རང་དབང་གི་གནད་དོན་ལ་དམིགས་ཀྱི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༦ ལོའི་བརྗོད་གཞི་ནི་ (Shaping a future of Peace) ཞེས་ཞི་བདེ་ལྡན་པའི་མ་འོངས་པ་ཞིག་བསྐྲུན་རྒྱུ་ཞེས་པ་དེ་ཡིན་པ་རེད།།

ཁ་སྣོན་གསར་འགོད། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།