བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གནང་རྒྱུའི་ཨ་རིའི་གྲོས་ཚོཊ་སུ་ཁྲིམས་འཆར་བཏོན་པ།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རིཀི་སིཀོཊི་ (Rick Scott) དང་འཇེཧྥ་མརྐ་ལི་ (Jeff Merkley) གཉིས་ཀྱིས་བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གྱི་ཁྲིམས་འཆར་ (Tibet Atrocities Determination Act) གསར་པ་ཞིག་བཏོན་གནང་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རིཀི་སིཀོཊི་ (Rick Scott) དང་འཇེཧྥ་མརྐ་ལི་ (Jeff Merkley) གཉིས་ཀྱིས་བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གྱི་ཁྲིམས་འཆར་ (Tibet Atrocities Determination Act) གསར་པ་ཞིག་བཏོན་གནང་ཡོད།

ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་གནང་ཚེ་ཁྲིམས་ཡིག་དེའི་འབྲུ་དོན་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་རིག་གནས་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་ཆེད་ལས་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག བོད་དོན་ལས་འགུལ་ཚོགས་པ། དེ་བཞིན་བཙན་བྱོལ་ནང་གི་བོད་མི་ཚོར་གྲོས་བསྡུར་གནང་སྟེ་འབྱུང་འགྱུར་ལོ་གཅིག་གི་ནང་ཚུད་རྒྱ་ནག་གིས་བོད་ནང་བཙན་གནོན་གྱི་བྱ་སྤྱོད་དེ་དག་མི་རིགས་སྡེབ་གསོད་ཀྱིས་རྩ་མེད་གཏོང་ཐབས་དང་ཡང་ན་འགྲོ་བ་མིར་གཉའ་གནོན་གྱིས་ཁྲིམས་ཐོག་ནག་ཉེས་གསོག་པའི་མཚན་ཉིད་ཚང་གི་ཡོད་མེད་ཐད་ངོས་འཛིན་ཇི་ལྟར་གནང་དགོས་ཀྱི་ཡོད་མེད་སྐོར་རྒྱབ་གཉེར་གནང་དགོས་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ལ་ཉེས་ཆད་གཅོད་རྒྱུ་དང་། ཐོངས་མཆན་བཀག་འགོག ཕྱི་འབྲེལ་གྱི་གདོང་ལེན་གནང་ཕྱོགས་ཚུད་པའི་ཨ་རིའི་སྲིད་བྱུས་ཀྱི་ཐོག་ནས་ཡ་ལན་ཇི་ལྟར་དགོས་མིན་ཐད་དགོས་འདུན་འཁོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ། ༢༠༢༥།༩།༡༩
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ། ༢༠༢༥།༩།༡༩ (REUTERS)

ཁྲིམས་འཆར་དེ་དང་འབྲེལ་སྐུ་ཞབས་ Rick Scott ལགས་ཀྱིས་རྒྱ་ནག་གཞུང་གིས་ཐབས་བྱུས་ལྡན་པའི་ངང་བོད་ནང་མི་གསོད་ཁྲག་སྦྱོར་དང་། མནར་གཅོད། བཙན་ཤེད་ཀྱིས་ཕྲུ་གུ་མེད་པར་བཟོ་བ་དང་བོད་མི་གནས་སྤོ་བྱས་པ། སྲིད་གཞུང་གི་བཀོད་སྒྲིག་འོག་བཙན་ཁྲིད་བྱས་ཀྱི་ཡོད་པ་གསུངས་འདུག

དེ་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Jeff Merkley ལགས་ཀྱིས། རྒྱ་ནག་གིས་བོད་མིར་མུ་མཐུད་ནས་དྲག་རྩུབ་བྱེད་བཞིན་པའི་ཐོག་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བ་དང་། ཕྲུ་གུ་ཚོ་ནང་མི་ནས་ཁ་བྲལ་གཏོང་བ། ལྟ་སྲུང་དང་བཙོན་འཇུག་བྱེད་པ། མནར་གཅོད་གཏོང་བ་སོགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་ཨ་རི་ངོས་ནས་ཁ་ཁུ་སིམ་པོར་སྡོད་ཐུབ་ཐབས་མེད་ཅེས་གསུངས་ཡོད།

ཁྲིམས་འཆར་དེ་ལོ་བཅུ་ཕྲག་མང་པའི་རིང་བོད་ནང་རྒྱ་ནག་གཞུང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཡིག་ཐོག་ཏུ་བཀོད་པའི་རྒྱབ་ལྗོངས་ཀྱི་གནས་སྟངས་འདོན་སྤེལ་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ ནས་བཟུང་རྒྱ་ནག་གཞུང་གིས་མི་རིགས་དམར་གསོད་ཀྱིས་བྱ་སྤྱོད་བརྒྱུད་ནས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་འབད་བརྩོན་བྱས་པའི་དཔང་རྟགས་རྙེད་སོན་བྱུང་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།

བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གྱི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ལ་ཕུལ་ཡོད་པ་རེད།

ཁ་སྣོན་གསར་འགོད་དང་པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།