བོད་ནང་བེུད་ན་གཞོན་ཞིག་གིས་བོད་རང་བཙན་གྱི་སྐད་འབོད།

བོད་ཀྱི་ཁམས་དཀར་མཛེས་སུ་བོད་རིགས་བུད་མེད་ན་གཞོན་ཞིག་གིས་བོད་རང་བཙན་གྱི་སྐད་འབོད་བསྐྱོན་ནས་ངོ་རྒོལ་གནང་བའི་གནས་ཚུལ།
2008-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཉེ་སྔོན་བོད་ཀྱི་ཁམས་དཀར་མཛེས་རྫོང་ཐོག་ཏུ་ཡོད་པའི་མི་མང་འདུ་འཛོམས་སར་བོད་རིགས་བུད་མེད་ན་གཞོན་ཞིག་གིས་བོད་རང་བཙན་གྱི་སྐད་འབོད་བསྐྱོན་ནས་ངོ་རྒོལ་གནང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཨོ་སོ་ཀྲོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན་ལྟར་ན་བོད་རིགས་བུད་མེད་ན་གཞོན་བསྟན་ཆོས་ཞུས་པ་ཞིག་གིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུའི་ཉིན་བོད་ཀྱི་ཁམས་དཀར་མཛེས་གྲོང་ཁྱེར་ནང་དུ་ཡོད་པའི་མི་མང་འདུ་འཛོམས་ཐང་ཆེན་ཐོག་ཏུ་ཐོན་ནས་བོད་རང་བཙན་ཡིན་པའི་སྐད་འབོད་རྒྱབ་པ་དང་དེ་ནས་ཁོང་གིས་ཤོག་བྱང་སྟོང་ཕྲག་མང་པོ་གནམ་ལ་མཆོད་ནས་ངོ་རྒོལ་སྐད་འབོད་གནང་འདུག དེ་ཡང་ས་གནས་རང་ནས་བོད་མི་ཞིག་གིས་བཏང་བའི་གནས་ཚུལ་ཐོག་ང་ཚོའི་གསར་འགོད་པས་འགྲེལ་བརྗོད་གནང་དོན་ལྟར་བོད་རིགས་བུད་མེད་ན་གཞོན་བསྟན་ཆོས་ཀྱི་སྐད་འབོད་གནང་ནས་སྐར་མ་ཁ་ཤས་ཀྱིས་རྗེས་སུ་དམག་མིའི་སྣུམ་འཁོར་ཞིག་དང་ཉེན་རྟོག་དམག་མི་བཅུ་གྲངས་འབྱོར་ནས་ཁོང་འཛིན་བཟུང་བྱས་པ་དང་ཉེས་རྡུང་ཚབས་ཆེ་བཏང་ནས་བཙན་འཁྲིད་བྱས་འདུག ཁོང་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་མུ་མཐུད་ནས་སྐད་འབོད་དང་སྨོན་ཚིགས་བརྗོད་ཐུབ་པའི་གནས་ཚུལ་བྱུང་འདུག ངོ་རྒོལ་སྐད་འབོད་གནང་མཁན་བོད་རིགས་བུད་མེད་ན་གཞོན་བསྟན་ཆོས་ཞུས་པའི་ལོ་རྒྱུས་སོགས་གནས་ཚུལ་ཁ་གསལ་པོ་ཤེས་རྟོགས་མེད་ཀྱང་ཁོང་གི་དཀར་མཛེས་ས་ཁུལ་གྱི་ཁུལ་དུ་གྲོང་པ་ནས་ཡིན་པ་དང་ཁོང་གི་ཕ་ནི་ཚེ་དབང་མགོན་པོ་དང་མ་ནི་ལྷ་མོ་དབང་ཕྱུག་ཞུ་གི་ཡོད་པ་རེད་འདུག བོད་ཀྱི་ཁམས་དཀར་མཛེས་ས་ཁུལ་ནང་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ནས་འགོ་བཙུགས་ཏེ་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་རྒྱུན་རིང་གནང་ཡོད་པ་དང་བོད་མི་གང་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་བོད་མི་ཉིས་བརྒྱ་ཙམ་རྒྱ་ནག་གིས་མུ་མཐུད་ནས་བཙོན་འཇུག་བྱེད་བཞིན་པའི་གྲས་ནས་མི་གྲངས་ཉི་ཤུ་ཙམ་གློད་བཀྲོལ་དུ་བཏང་ཡོད་ཀྱང་མང་པོ་ལོ་ངོ་འདྲ་མིན་བཙོན་འཇུག་གི་ཁྲིམས་གཅོད་བཅད་ཡོད་པ་རེད། ཁྲིམས་གཅོད་བཅད་པའི་བོད་རིགས་བཙོན་པ་མང་ཆེ་དར་རྩེ་མདོར་ཡོད་པའི་དཀར་མཛེས་རང་སྐྱོང་ས་ཁུལ་གྱི་བཙོན་ཁང་ནང་བཀག་ཉར་བྱས་ཡོད་པ་དང་ད་དུང་མང་པོ་ཞིག་རྒྱ་ནག་གི་གཡའ་ཉན་སོགས་ས་ཁུལ་གསུམ་དུ་ཡོད་པའི་རྒྱ་མིའི་བཙོན་ཁང་ཆེ་ཁག་གསུམ་གྱི་ནང་དུ་བཏང་ཟིན་པ་དང་མང་པོ་གཏང་འཆར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།