ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་རྣམ་གཉིས་མཇལ་འཕྲད།

2021.07.28
ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་རྣམ་གཉིས་མཇལ་འཕྲད། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་རྣམ་གཉིས།
སྒྲིག་བཟོ།/RFA

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་རྣམ་གཉིས་ལྡི་ལིར་མཇལ་མོལ་གནང་བ་དང་༧གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་མཇལ་དར་ཕུལ་འདུག
རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་པའི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས་འདི་ཚེས་༢༨་ཉིན་རྒྱལ་ས་ལྡི་ལིའི་ནང་བཅའ་བཞུགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་ལྡི་ལིར་མཇལ་འཕྲད་བཀའ་མོལ་གནང་འདུག འདི་ནི་ཨ་རིའི་སྲིད་འཛིན་སྦེཡེ་ཌེན་སྲིད་གཞུང་གི་དཔོན་རིགས་ཆེས་མཐོ་གྲས་ཤིག་གིས་བོད་མིའི་དཔོན་རིགས་ཤིག་དང་མཇལ་འཕྲད་གནང་པ་ཐོག་མ་དེ་ཆགས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་མཆོག་དང་མཇལ་འཕྲད་མ་གནང་གོང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་དང་དུས་ཡུན་སྐར་མ་༡༥་ཙམ་རིང་མཇལ་འཕྲད་གནང་འདུག་ལ། དེའི་རྗེས་ཕྱི་སྲིད་དྲུང་ཆེ་(Blinken)་མཆོག་དང་དུས་ཡུན་སྐར་མ་བཅུ་ཙམ་རིང་མཇལ་འཕྲད་གནང་འདུག རོཡེ་ཀྲརསི་གསར་སྤེལ་ལས་ཁང་གིས་མིང་འབོད་མ་བྱས་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་པ་ཞིག་གིས་བརྗོད་པ་ལུང་འདྲེན་བྱས་པར་གཞིགས་ན། མཇལ་འཕྲད་སྐབས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེར་འབུལ་རྒྱུའི་མཇལ་དར་གསོལ་སྩལ་གནང་པ་དེ་ཕུལ་འདུག་ཅིང་། མིང་འབོད་མ་བྱས་པའི་ཨ་རིའི་དཔོན་རིགས་དེས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་བརྩི་བཀུར་ཡོངས་སུ་གྲགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྩོད་མེད་ཞིག་ཡིན་སྟབས། དགའ་བསུའི་མཚོན་དེར་གུས་བརྩི་ཆེ་མཐོང་ཞུ་བའི་ཐོག་ནས་དང་ལེན་ཞུས་པ་ཡིན་གསུངས་འདུག
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནས་སྐབས་མཇལ་འཕྲད་འདིའི་ཐད་གསལ་བཤད་གང་ཡང་གནང་རྒྱུ་མིན་པ་གསུངས་བྱུང་།
ཨ་རིའི་ཕྱི་སྲིད་དྲུང་ཆེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་མཇལ་འཕྲད་གནང་པ་འདི་ནི་གཟའ་འཁོར་འདིའི་ནང་ཨ་རིའི་གཞུང་གིས་ཕྱི་འབྲེལ་ལས་དོན་གྱི་ཁོར་ཡུག་ནང་བོད་དོན་དང་འབྲེལ་བའི་གལ་ཆེའི་རྣམ་འགྱུར་བསྟན་པ་གཉིས་པ་དེ་ཡིན་པ་རེད། ཉིན་ཤས་གོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་རྒྱ་ནག་ཏུ་ཆེད་ཕེབས་སྐབས་རྒྱ་ནག་གི་དཔོན་རིགས་རྣམས་ལ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་གིས་སྔ་ལོར་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་སྐབས། ཁོང་སྲིད་འཛིན་དུ་འོས་འདེམས་བྱུང་ཚེ་བོད་ཀྱི་གནད་དོན་གལ་གནད་ཆེན་པོར་ངོས་འཛིན་གནང་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གང་མགྱོགས་བསྐོ་བཞག་གནང་རྒྱུ་ཡོངས་བསྒྲགས་ཀྱི་ཐོག་ནས་ཞལ་བཞེས་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་༢༨་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་མཆོག་དབུ་བཞུགས་ཐོག་རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་བདུན་དང་ལྷན་དུ་གཅིག་བསྡུས་འཕེལ་རྒྱས་(Inclusive Development)་ཞེས་པའི་གྲོས་གཞིའི་ཐོག་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་བའི་ནང་། ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུག་ལགས་ཀྱང་ཨ་རིའི་གཞུང་ཚབ་ཀྱིས་མགྲོན་འབོད་གནང་བ་ལྟར་ལྷན་བཞུགས་གནང་འདུག ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཐོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་(See learning)་ཞེས་པ་དེ་ཕྱག་བསྟར་དགོས་པའི་འབོད་སྐུལ་གནང་ཡོད་འདུག དེའི་སྐོར་དགེ་བཤེས་ལགས་སུ་གནས་འདྲིའི་སྐབས་གསུངས་དོན། རྒྱ་གར་དང་ཨ་རི་གཉིས་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་། རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་འགན་ཁུར་ནས་༧གོང་ས་མཆོག་གི་དགོངས་པར་ཡོད་པ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་(See learning)་དེ་ལག་བསྟར་ཡོང་ཐབས་བྱས་བ་ཡིན་ན་འཛམ་བུ་གླིང་ལ་ལེགས་སྐྱེས་ཕུལ་ཐུབ་པའི་བསམ་ཚུལ་ཞུས་བ་ཡིན་པ་གསུངས་བྱུང་།
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་ཕྱི་ཚེས་༢༧་ཉིན་རྒྱ་གར་ལ་ཕེབས་འབྱོར་བྱུང་ཡོད་པ་དང་ཉིན་གྲངས་གཉིས་རིང་འཚམས་གཟིགས་གནང་གི་ཡོད་པ་རེད།

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎