དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་ཕྱི་འབྲེལ་སྲིད་ཇུས་རང་བཞིན་ཐོག་ནས་ངོ་རྒོལ་བྱེད་རྒྱུའི་གྲོས་ཆོད་སྤྱི་མོས་ཐོག་བཞག་འདུག

2021-07-16
Share
དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་ཕྱི་འབྲེལ་སྲིད་ཇུས་རང་བཞིན་ཐོག་ནས་ངོ་རྒོལ་བྱེད་རྒྱུའི་གྲོས་ཆོད་སྤྱི་མོས་ཐོག་བཞག་འདུག དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་། ༧།༡༥།༢༡
parliamentlive.tv

དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་༢༠༢༢་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ནང་དཔོན་རིགས་རྣམས་མཉམ་ཞུགས་མ་གནང་བར་ངོ་རྒོལ་བྱེད་དགོས་པའི་གྲོས་གཞིར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྤྱི་མོས་ཐོག་ནས་ཕྱི་ཚེས་༡༥་རེས་གཟའ་ཕུར་བུའི་ཉིན་གཏན་འབེབས་གནང་འདུག འོན་ཀྱང་གྲོས་ཆོད་འདི་དབྱིན་ཡུལ་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་གཏན་འབེབས་བྱས་པ་ཞིག་མིན་པ་རེད།
དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་གོང་ཞུས་གྲོས་གཞི་དེ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Tim Lougton)་ལགས་ཀྱིས་བཏོན་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་མགྲོན་བདག་དེ་མི་མང་མང་པོ་སྡེབ་གཅིག་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པའི་ཁྲིམས་འགལ་གྱི་བྱ་ངན་སྤེལ་མཁན་གྱི་རྒྱལ་ཁབ་ཞིག་གིས་བྱས་ན་འགྲིག་གི་མེད་པའི་སྐོར་གསུངས་ཏེ། རྒྱ་ནག་གཞུང་གིས་བོད་ནང་དང་ཤིན་ཅིང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་ནང་གི་མི་མང་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་ཁག་མཚམས་འཇོག་མ་བྱས་བའི་བར་དུ། དབྱིན་ཇིའི་དཔོན་རིགས་དང་སྐུ་ཚབ་རྣམས་ལོ་རྗེས་མར་རྒྱ་ནག་ནང་འཚོགས་རྒྱུའི་རྩེད་འགྲན་དེར་མགྲོན་འབོད་ཞུས་ན་ཡང་དེ་དག་ལ་ཁས་ལེན་གནང་རྒྱུ་མེད་སྐོར་གསུངས་ཡོད་པ་རེད།
ད་དུང་གྲོས་ཚོགས་འཐུས་མི་(Tim Loughton)་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་སྤྱི་མོས་ཐོག་ནས་གཏན་འབེབས་གནང་བ་དང་མཚུངས་པའི་གྲོས་གཞི་དེ་སྔོན་བཏོན་གནང་བ་དེ་ཡང་བསྐྱར་གྲོས་ཚོགས་ནང་བཏོན་གནང་སྟེ། ཨ་རིས་གཏན་འབེབས་གནང་བའི་གྲོས་འཆར་དེ་དབྱིན་ཡུལ་གྱིས་ག་རེ་བྱས་ནས་གཏན་འབེབས་གནང་ཐུབ་ཀྱི་མེད་དམ་ཞེས་པའི་དྲི་བ་ཡང་བཀོད་གནང་འདུག
དབྱིན་ཡུལ་དུ་ཡོད་པའི་བོད་དོན་ལས་འགུལ་དང་ཞུ་གཏུག་གནང་མཁན་བོད་རང་བཙན་ཚོགས་པའི་ཞུ་གཏུག་དང་དྲིལ་བསྒྲགས་འགན་འཛིན་(John Jones)་ལགས་ཀྱིས་དེའི་ཐད། འདི་ནི་བོད་དོན་ལས་འགུལ་བའི་ངོས་ནས་བཤད་ན་ད་དུང་ཡང་གནད་ལ་འཁེལ་བ་དང་ནུས་པ་ཆ་ཚང་ལྡན་པ་ཞིག་མིན་པར། པེ་ཅིན་དུ་འཚོགས་འཆར་ཡོད་པའི་དགུན་དུས་ ཨོ་ལིམ་པིཀསི་(Olympics)་འཚོགས་མ་བཅུག་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ངེས་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། ད་དུང་ཁོང་གིས། གྲོས་ཆོད་འདི་དབྱིན་ཇིའི་གཞུང་གིས་ངེས་བར་ལག་བསྟར་བྱེད་དགོས་བའི་གྲོས་ཆོད་དང་ཁྲིམས་ཡིག་མིན་ཡང་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་བརྡ་ལན་དང་རྣམ་འགྱུར་གསལ་བོ་བསྟན་པ་ཡིན་པས། འདིའི་ཐད་བོད་རང་བཙན་ཚོགས་པའི་ངོས་ནས་ལས་འགུལ་མུ་མཐུད་དུ་སྤེལ་ནས་དབྱིན་ཇིའི་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།
དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གཞུང་གིས་༢༠༢༢་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་བྱེད་པར་ངོ་རྒོལ་དང་མཉམ་ཞུགས་མི་བྱེད་པའི་བགྲོ་གླེང་སྐབས། རྒྱུ་མཚན་ཁག་ཅིག་གི་ཐད་བོད་ནང་གི་གནས་སྟངས་སྐོར་ཐེངས་མང་གླེང་སློང་བྱུང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་དང་། ཡུ་གུར། ཧོང་ཀོང་དང་། གཞན་ཡང་མི་རིགས་དང་ཚོགས་སྡེ་ཁག་གཞན་གྱི་ཐོག་ལ་དྲག་གནོན་བྱས་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏོང་གི་ཡོད་པ་ཡང་བརྗོད་ཡོད་པ་རེད།

image_6483441.jpg
ཉིན་ཤས་གོང་ཡོ་རོབ་གྲོས་ཚོགས་ནང་དོན་ཚན་ཉི་ཤུ་ལྷག་ཡོད་པའི་གྲོས་ཆོད་ཞིག་མང་མོས་བྱུང་བའི་ནང་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་མཉམ་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་གྲོས་ཆོད་བཞག་ཡོད་པ་རེད།
གཞན་ཨ་རིའི་གྲོས་ཚོགས་ནང་དུའང་དེ་མཚུངས་ཀྱི་གྲོས་འཆར་བཏོན་པ་དང་བགྲོ་གླེང་རིམ་པར་འགྲོ་བཞིན་ཡོད་ཅིང་། བོད་དོན་ལས་འགུལ་བ་དང་ཚོགས་པ་ཁག་གིས་ཀྱང་དེ་ལྟར་ཐག་གཅོད་ཡོང་བའི་ཞུ་སྐུལ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།