༧གོང་ས་མཆོག་གི་མཛད་རྗེས་ལ་ཆེ་བསྟོད།
2011.06.30
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨ་རིའི་ཤི་ཀ་གོ་གྲོང་ཁྱེར་རུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པའི་ཕེབས་བསུའི་གྲ་སྒྲིགས་ནང་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ཆོས་ལུགས་འདྲ་མིན་ཁག་ནས་༧གོང་ས་མཆོག་གིས་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་གནང་པའི་མཛད་རྗེས་ལ་ཆེ་བསྟོད་ངོས་འཛིན་ཞུ་ཆེད་ཆོས་ལུགས་མཐུན་འབྲེལ་གྱི་ངོ་བོ་མཚོན་པའི་འདྲ་སྐུ་བཞེངས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་༎
ཟླ་བ་འདིའི་ཚེས་༦ནས་༡༦བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་རྒྱུ་ཡིན་པ་དང་ དུས་འཁོར་དབང་ཆེན་གྲུབ་མཚམས་ ཨ་རིའི་ཤི་ཀ་གོ་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་ཐི་ཡོ་སོ་ཕི་ཀལ་(Theosophical)ཆོས་ཚོགས་ཀྱིས་ཇི་ལྟར་གདན་ཞུས་ལྟར་ ༧གོང་ས་མཆོག་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་མཛད་འཆར་ཡོད་པ་རེད་ ཆིབས་བསྒྱུར་གོ་སྒྲིགས་ཞུ་མཁན་ཐི་ཡོ་སོ་ཕི་ཀལ་ཆོས་ཚོགས་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་ཀྱི་ལས་འཆར་ནང་ ༧གོང་ས་མཆོག་གིས་འཛམ་གློང་ཐོག་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་སྤེལ་ཐབས་གནང་བའི་མཛད་རྗེས་ལ་ རྗེས་སུ་ཡི་རངས་དང་ཆེ་བསྟོད་ཀྱི་ངོས་འཛིན་ཞུ་སླད་ཤི་ཀ་གོ་གྲོང་ཁྱེར་ཁུལ་ནས་ཆོས་ལུགས་འདྲ་མིན་གྱི་ཆོས་ཚོགས་ཁག་བཅུ་འདེམས་སྒྲུག་ཞུས་འདུག་པ་དང་ ཆོས་ཚོགས་སོ་སོའི་ངོས་ནས་ཆོས་ལུགས་མཐུན་འབྲེལ་གྱི་ངོ་བོ་མཚོན་པའི་འདྲ་སྐུ་བཞེངས་རྒྱུའི་ལས་འཆར་བཀོད་སྒྲིག་གནང་འདུག་ ཆོས་ལུགས་མཐུན་འབྲེལ་གྱི་ངོ་བོ་མཚོན་པའི་འདྲ་སྐུ་བཞེངས་རྒྱུའི་ལས་འཆར་ནང་ ཡི་ཤུ་དང་ སྦ་ཧའེ་ ནང་པ་ ཧིན་རྡུ་ ཁ་ཆེ་ ཇེན་ ཤིན་ཏོ་ སིཀ་ ཏའོ་ ཛོ་རོ་ཨེ་སི་ནི་ཛམ་ དེ་བཞིན་ཨ་རིའི་གདོད་མའི་མི་རིགས་ཀྱི་ཆོས་ལུགས་བཅས་མཉམ་བཞུགས་གནང་ཡོད་པ་རེད་ འདྲ་སྐུ་བཞེངས་པའི་ལས་འཆར་ནང་དཔེར་ན་ཤི་ཀ་གོ་གྲོང་ཁྱེར་ཁུལ་གྱི་ཛོ་རོ་ཨེ་སི་ནི་ཛམ་ཆོས་ཚོགས་ནས་ཡི་ཤུའི་ཆོས་ལུགས་དང་མཐུན་འབྲེལ་མཚོན་ཆེད་རྒྱ་གྲམ་དབྱིབས་བྱས་པའི་ཡི་ཤུའི་ཆོས་ཀྱི་ལས་རྟགས་དང་ཛོ་རོ་ཨེ་སི་ཀྲེན་ཆོས་ལུགས་ཀྱི་ལྟ་གྲུབ་ནང་རྩ་ཆེར་ངོས་འཛིན་བྱེད་པའི་མེ་དང་ཉི་མའི་འོད་སྣང་གཉིས་ཟུང་འབྲེལ་ཅན་མཚོན་པའི་འདྲ་སྐུ་ཞིག་བཞེངས་ཀྱི་ཡོད་པ་རེད་ ཆོས་ལུགས་སོ་སོའི་བཞེངས་པའི་འདྲ་སྐུ་དེ་དག་ རིང་མིན་༧གོང་ས་མཆོག་ནས་ཤི་ཀ་གོ་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་University of Illinois གཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་ལ་བཀའ་སློབ་གསུངས་བཤད་བསྩལ་སྐབས་༧གོང་ས་མཆོག་ལ་སྤྱན་འབུལ་དང་ དེ་ནས་ཚོགས་ཁང་གི་སྡིངས་ཆའི་རྒྱབ་ལྗོངས་སུ་བཀོད་སྒྲིག་གནང་འཆར་ཡོད་པ་རེད་༎