ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་འགྲུབ་འདུག


2019.08.21
ཁ་མཆུ་ཨང་༢༠་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་རྣམ་རྒྱལ་ཚེ་སྐྱིད། ༢༠༡༩།༨།༢༡ ཁ་མཆུ་ཨང་༢༠་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་རྣམ་རྒྱལ་ཚེ་སྐྱིད། ༢༠༡༩།༨།༢༡
RFA

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཡོངས་འགྲུབ་ཟིན་འདུག
བྱང་ཨ་མི་རི་ཀའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་དོན་གཅོད་འཕོ་འགྱུར་དང་འབྲེལ། སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་བྱས་ལུགས་ཀྱི་ཁྲིམས་གཏུག་གནང་བ། ཡོངས་གྲགས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཞེས་འབོད་པར་ཁྲིམས་ཁང་ནས་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་གཏན་འབེབས་བྱས་བ་ལས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཟླ་༨པའི་ཚེས་༢༡་ཉིན། དངོས་དོན་ཨང་༨་པའི་ཐོག་ཁ་མཆུ་དེའི་ཞིབ་གཅོད་ཉན་ཞིབ་མཐའ་མ་གནང་ཡོད་ཅིང་།
དེ་ལ་རྩོད་ལན་པ་བཀའ་ཤག་གིས་ཞུ་སྦྱོར་པ་སྤེན་པ་ཚེ་རིང་བཀའ་ཤག་གིས་ཡིད་ཆེས་བློས་འགེལ་མི་ཐུབ་པའི་གནས་སུ་གྱུར་པ་དང་། བཀའ་ཤག་གི་ཐུགས་རེ་ལྟར་ལས་དོན་སྒྲུབ་མ་ཐུབ་པ། འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལྟོས་མེད་གནང་བ་བཅས་ཀྱི་ཉེས་འཛུགས་ཁུངས་སྐྱེལ་ཡོང་ཐབས་སུ། ཞུ་སྦྱོར་པས་དོལ་རྒྱལ་རྗེས་འབྲང་བའི་གནས་ཚུལ་མཁོ་བསྒྲུབ་འཐུས་ཤོར་དང་། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནས་ཚུལ་སྲིད་སྐྱོང་གིས་ལམ་སྟོན་གསལ་བཤད་གནང་བ་ལ་གོ་ལྡོག་ཏུ་བྱས་ཏེ། བྱ་སྤུ་གནོན་གྱི་གོ་རིམ་ལྟོས་མེད་བྱས་པ་སོགས་རྩོད་བཤད་བྱས་པར། ཞུ་སྦྱོར་པས་དོལ་རྒྱལ་རྗེས་འབྲང་གི་སྐོར་གསང་གནས་ཡིན་པས་འགྲོ་སྟངས་ཀྱི་ཐོག་ནས་བདེ་སྲུང་ལ་ཞུས་པ་མ་གཏོགས་གནས་ཚུལ་གཞན་ཚང་མ་ཕྱི་དྲིལ་ལས་ཁུངས་སུ་ཕུལ་གྱི་ཡོད་པ་དང་། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྲིད་སྐྱོང་གིས་སློག་དགོས་མ་རེད་ཅེས་གསུངས་པར། ཐོག་མ་ཉིད་ནས་སློག་དགོས་རེད་ཅེས་ལབ་མྱོང་མེད། འོན་ཀྱང་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་༧གོང་ས་མཆོག་གི་མཚན་མཐོང་ལ་བསམས་ཏེ། ནང་ཁུལ་ཚོགས་འདུའི་སྟེང་ཞུས་པ་ཡིན་ལུགས་རྩོད་བཤད་བྱས་ཡོད་པ་རེད།
ཞིབ་གཅོད་ཉན་ཞིབ་མཐའ་མ་གྲུབ་མཚམས་ཁྲིམས་ཁང་ཕྱི་ལོགས་སུ་གསར་འགོད་པ་ཚོས་ཕྱོགས་གཉིས་ཀའི་ཁྲིམས་རྩོད་པར་མ་འོངས་བཅད་ཁྲ་དང་དེ་འབྲེལ་ཕན་ཚུན་དགོས་འདུན་སྒྲུབ་ཕྱོགས་ཐད་བཅར་འདྲི་བྱས་སྐབས། བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས། ཉན་ཞིབ་གྲུབ་ཟིན་པ་རེད། ཞུ་སྦྱོར་བའི་ཕྱོགས་ཀྱི་དགོས་འདུན་སྒྲུབ་ཐུབ་མི་ཐུབ་ད་ལྟ་བཅད་ཁྲ་བཏང་མེད་དུས་ལན་གང་ཡང་ཞུ་ཐུབ་ཀྱི་མེད། རྩོད་ལན་པ་བཀའ་ཤག་གིས་བོད་མིའི་སྤྱི་ཚོགས་བདེ་འཇགས་དང་། བོད་མི་ནང་ཁུལ་ཆིག་སྒྲིལ་ལ་དོ་ཕོག་མི་འགྲོ་བའི་ཆེད། ཁ་མཆུའི་མཐའ་མའི་བཅད་ཁྲ་གང་འདྲ་ཞིག་བཏང་ནའང་སོ་སོ་ལ་དགོས་འདུན་གྱི་རིགས་གཅིག་ཀྱང་བཏོན་མེད་པ་ངོ་སྤྲོད་གནང་བ་དང་།
ཡང་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས། ཁྲིམས་ཁང་གིས་བཏང་བའི་ཁ་མཆུའི་ཐག་གཅོད་དང་བཅད་ཁྲ་ལ་ག་དུས་ཡིན་ཡང་བརྩི་བཀུར་ཞུ་དགོས་བ་རེད། སུ་ལ་རྒྱལ་ཁ་ཐོབ་ཀྱང་མི་དམངས་དང་། ཞུ་སྦྱོར་བ། རྩོད་ལན་པ་བཅས་ཀྱི་ངོས་ནས་བརྩི་བཀུར་ཞུ་དགོས་བ་རེད། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་རེད་ལ་ཁྲིམས་དེ་མི་དམངས་ཡོངས་ལ་ཁྱབ་དགོས་བ་རེད། མཐའ་མའི་བཅད་ཁྲ་ཞུ་སྦྱོར་བར་ཐོབ་པ་ཡིན་ན། དགོས་འདུན་ཐད། རྩོད་ལན་པའི་ངོས་ནས་ཁ་མཆུ་ཨང་ཉི་ཤུ་པ་དང་འབྲེལ་བའི་དོན་གནད་བདེན་པ་མིན་པ་ཁག་དང་། བྱ་རིམ་དང་སྒྲིག་གཞི་གཞིར་བཟུང་བྱུང་མེད་པ་སོགས་གནས་ཚུལ་གསལ་བོ་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་སྤེལ་དགོས་བ་དང་དགོངས་སེལ་ཞུ་དགོས། གཞན་ཞུ་སྦྱོར་པའི་ཁྲིམས་རྩོད་པར་གུན་གསབ་སྤྲོད་དགོས་པ་ལས་ཞུ་སྦྱོར་པ་རང་ཉིད་ཀྱིས་ལས་གནས་བསྐྱར་གསོ་དང་གུན་གསབ་སོགས་ཀྱི་དགོས་འདུན་གང་ཡང་འདོན་གྱི་མེད་པ་གསལ་བཤད་གནང་སོང་།
ཁ་མཆུ་ཨང་ཉི་ཤུ་པ་འདིར་ཁྱོན་བསྡོམས་ཉི་མ་བཅུ་གཉིས་ཀྱི་རྩོད་བཤེར་གནང་དོན་ནི། ཕྱོགས་གཉིས་ལ་དུས་ཚོད་འདང་ངེས་ཤིག་ཡོང་ཆེད་ཡིན་པ་དང་། ད་ཆ་ཕྱོགས་གཉིས་ཀྱི་སྐད་ཆ་ཡོངས་རྫོགས་སྒྲ་འཇུག་བྱས་པ་ཡིག་ཐོག་ལ་ཕབ་ནས་ཞིབ་དཔྱོད་བརྒྱུད་ཐ་མའི་བཅད་ཁྲ་གཏོང་རྒྱུ་ལས་ལྷག་མེད་ཅིང་། སྐབས་དེ་དུས་ཞུ་སྦྱོར་པ་དང་རྩོད་ལན་པ་གཉིས་དངོས་སུ་ཡོང་མ་ཐུབ་ན། ཁྲིམས་རྩོད་པ་ཕེབས་འཐུས་ཆོག་པ་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་འགྲུབ་ལགས་ནས་གསལ་བཤད་གནང་རྗེས་ཉན་ཞིབ་མཇུག་སྒྲིལ་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎