རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་དམ་བསྒྲགས་ཆེ་རུ་གཏོང་འཆར་འདུག

2022-01-04
Share
རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་དམ་བསྒྲགས་ཆེ་རུ་གཏོང་འཆར་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས།
Chinese State Media

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མི་ཚོགས་ཆེན་གཉིས་སྐོང་ཚོགས་བྱས་ཤིང་། དམིགས་བསལ་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆེན་འགོ་བཙུགས་སྐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་ལས་དོན་སྙན་ཞུ་ངོ་སྤྲོད་བྱས་སྐབས། འདས་པའི་༢༠༢༡་ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་དང་། ༢༠༢༢་ལོ་གསར་པའི་ལས་འགན་སོགས་གསལ་བསྒྲགས་བྱས་པའི་ཁོངས་སུ་རྒྱ་ནག་ཀྲུང་ཧྭ་མི་རིགས་ཟེར་བའི་ཐུན་མོང་གི་འདུ་ཤེས་ལ་ཤུགས་གནོན་དང་ཁྲིམས་ལུགས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་སྟངས་འཛིན་བྱ་རྒྱུ། དེ་བཞིན་མཐའ་མཚམས་ཁུལ་དུ་སྤྱི་ཡོངས་ནས་དོ་དམ་བྱ་རྒྱུ་འཐུས་སྒོ་ཚང་རུ་གཏོང་རྒྱུ་སོགས་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྤྱི་ཚེས་༤་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་ཐོག རང་སྐྱོང་ལྗོངས་ཀྱི་ལས་ཚབ་གཙོ་འཛིན་ཡན་ཅིང་ཧའེ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྙན་ཞུ་ངོ་སྤྲོད་བྱས་པའི་ནང་། རྒྱུན་དུ་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་བོད་ནང་གི་དྲིལ་བསྒྲགས་གནས་ཚུལ་ཁག་བསྐྱར་ཟློས་བྱས་པའི་ཐོག་འདས་པའི་༢༠༢༡་ལོ་འདིའི་ནང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་གནོན་བརྒྱབ་པར་གྲུབ་འབྲས་ཐོན་པ་དང་། དམིགས་བསལ་མཐའ་མཚམས་ས་ཁུལ་དུ་འབྱོར་འབྲིང་གྲོང་ཚོ་༦༢༤་བསྐྲུན་བྱས་ཤིང་། མཐའ་མཚམས་ཁུལ་དུ་གཞུང་ལམ་འཛུགས་བསྐྲུན་བྱས་པ། མཐའ་མཚམས་ཀྱི་རྫོང་༢༡་ནང་བརྟན་ལྷིང་འཛུགས་སྐྲུན་གྱི་རིམ་པ་གསར་པ་ཞིག་ཏུ་གོམ་སྤོས་ཐུབ་ཡོད་ལུགས་བརྗོད་འདུག འདི་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་དམག་ཇུས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་དམིགས་པ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཡང་༢༠༢༢་ལོ་གསར་པ་འདིའི་ནང་གི་ལས་འགན་གཙོ་བོའི་ཁོངས་སུ་སྤྱི་ཚོགས་བརྟན་ལྷིང་ཟེར་བའི་རྨང་གཞིའི་ཐོག་རྒྱ་ནག་ཀྲུང་ཧྭ་མི་རིགས་ཟེར་བའི་ཐུན་མོང་གི་འདུ་ཤེས་ལ་ཤུགས་གནོན་དང་ཁྲིམས་ལུགས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ། མཐའ་མཚམས་ཁུལ་དུ་སྤྱི་ཡོངས་ནས་དོ་དམ་བྱ་རྒྱུ་འཐུས་སྒོ་ཚང་རུ་གཏོང་རྒྱུ་སོགས་ཡོད་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།