རྒྱ་ནག་གཞུང་གིས་དམར་ཤོག་དྲིལ་བསྒྲགས་ཀྱི་རྣམ་པ་ཆེར་མངོན་པའི་སྤྱི་གླིང་ཞིག་ལྷ་སར་རྒྱབ་འདུག

2021-08-17
Share
རྒྱ་ནག་གཞུང་གིས་དམར་ཤོག་དྲིལ་བསྒྲགས་ཀྱི་རྣམ་པ་ཆེར་མངོན་པའི་སྤྱི་གླིང་ཞིག་ལྷ་སར་རྒྱབ་འདུག རྒྱ་ནག་གཞུང་གིས་དམར་ཤོག་དྲིལ་བསྒྲགས་ཀྱི་རྣམ་པ་ཆེར་མངོན་པའི་སྤྱི་གླིང་ཞིག་ལྷ་སར་རྒྱབ་ཡོད་པ། ༨།༢༡
Chinese State Media

རྒྱ་ནག་གཞུང་གིས་ལྷ་སའི་སྐྱིད་ཆུའི་སྣེའུ་ཁུལ་གྱི་ས་གནས་བོད་མི་ཚོ་གནས་སྤོར་བྱེད་དུ་བཅུག་ནས་དེར་སྤྱི་གླིང་ཆེན་པོ་ཞིག་འཛུགས་སྐྲུན་སྒོ་འབྱེད་བྱས་ཡོད་འདུག
ཕྱི་ཟླ་༨་ཚེས་༡༦་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་སྐྱིད་ཆུའི་ཉེ་འགྲམ་སྣེའུ་ཁུལ་དུ་རྒྱ་སྒོར་དུང་ཕྱུར་༥ .༢་ལྷག་བཏང་སྟེ། ཀྲུང་ཧཱ་རིག་གནས་སྤྱི་གླིང་ཞེས་རྒྱ་ནག་གི་རིག་གནས་དང་དམར་ཤོག་ཚོགས་པས་བོད་ལ་བཅིངས་གྲོལ་བཏང་བ་ཟེར་བའི་བརྐོས་རིས་སོགས་ཀྱི་བཟོ་བཀོད་ཡོད་པའི་སྤྱི་གླིང་ཆེན་པོ་ཞིག་སྒོ་ཕྱེ་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ནས་མེ་འཁོར་ལྕགས་ལམ་དང་སྤྱི་གླིང་སོགས་འཛུགས་བསྐྲུན་བྱེད་ཞོར་དེ་ཁུལ་གྱི་བོད་མི་ཚོ་གནས་སྤོར་བྱེད་དུ་བཅུག་པ་དང་། ད་ལྟའི་ཆར་ས་ཁུལ་དེར་བོད་ཀྱི་ཁྱད་ཆོས་གང་ཡང་མེད་པའི་རྒྱ་གྲོང་གི་རྣམ་པ་ཅན་ཞིག་ཏུ་བསྒྱུར་ཡོད་པ་མ་ཟད། ཁུལ་དེར་གནས་སྡོད་བྱེད་མཁན་མང་ཆེ་བ་རྒྱ་རིགས་ཡིན་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན་ལྟར་ན། སྤྱི་གླིང་གསར་བ་དེ་འཛུགས་སྐྲུན་བྱེད་ས་དེ་སྔ་བོད་ཀྱི་ཕག་གྲུའི་སྲིད་དབང་སྐབས་སུ་རྫོང་མཁར་ཞིག་ཡིན་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་སྐྱིད་ཆུའི་སྣེའུ་ཁུལ་དུ་མེ་འཁོར་ལྕགས་ལམ་དང་། སྤྱི་གླིང་འཛུགས་སྐྲུན་དགོས་སྐོར་བརྗོད་ནས། དེ་ཁུལ་དུ་ཡོད་པའི་བོད་ཁྱིམ་ཚོ་ས་གནས་གཞན་ཞིག་ཏུ་སྤོར་བཅུག་ཡོད་པ་དང་། སྐབས་དེར་བོད་མི་ཚོར་གུན་གསབ་དང་རོགས་སྐྱོར་སོགས་སྤྲད་ཡོད་མེད་ཁ གསལ་མེད་པ་དང་། དེང་སྐབས་ད་དུང་ཁུལ་དེར་འཛུགས་སྐྲུན་འདྲ་མིན་བྱེད་བཞིན་ཡོད་པ་བརྗོད་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་བཟོ་བསྐྲུན་བྱས་པའི་སྤྱི་གླིང་དེ་ནི། རྒྱ་ནག་དམར་ཤོག་ཚོགས་པ་དྲིལ་བསྒྲགས་བྱེད་ཐབས་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་། བོད་ལ་བཅིངས་གྲོལ་བཏང་ནས་ལོ་༧༠་འཁོར་བ་ཟེར་བའི་དྲིལ་བསྒྲགས་ཀྱི་ལས་གཞི་གཙོ་གྲས་ཤིག་ཡིན་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་གསུངས་ན། སྤྱིར་རྒྱ་ནག་གཞུང་གིས་དེང་སྐབས་བོད་ནང་འཛུགས་བསྐྲུན་སྣ་མང་ལ་ཁ་གཡར་ནས་ས་གནས་བོད་མི་རྣམས་ཕྱིར་ཕུད་དང་གནས་སྤོ། དེ་བཞིན་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་དང་སྤྱི་གླིང་ཟེར་བ་སོགས་ལ་ཁ་གཡར་ནས། ཞོར་དུ་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་དྲིལ་བསྒྲགས་བྱས་པའི་གནས་ཚུལ་ནང་། སྤྱི་གླིང་དེའི་ཟམ་པའི་སྟེང་ནས་བལྟས་ཚེ་ཤར་ཕྱོགས་སུ་ཕོ་བྲང་པོ་ཏ་ལ་མཐོང་ཐུབ་པ་དང་། ནུབ་ཕྱོགས་སུ་ལྷ་སའི་སྐྱིད་ཆུའི་ངོགས་གཉིས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དག་མཐོང་ཐུབ་ལ། སེམས་མཐུན་ཐང་ཆེན་ཞེས་པ་ནི་ཆེད་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་བརྗོད་བྱ་གཙོ་བོར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་བྱས་ཏེ། སྤྱི་གླིང་ནང་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་རིག་གནས་དང་དེང་རབས་ཀྱི་ཤེས་ཡོན་འདུ་ཤེས་ཁྱོན་ཡོངས་ནས་མངོན་ཐུབ་པ་བྱས་ཡོད་སྐོར་བཀོད་འདུག་ལ། དེའི་ཐད་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ལས་གཞི་ག་འདྲ་ཞིག་སྤེལ་བཞིན་ཡོད་ན་ཡང་། དམིགས་ཡུལ་གཙོ་བོ་བོད་ཡུལ་རྒྱ་ཡུལ་དུ་བཙན་བསྒྱུར་དང་བོད་མི་རྒྱ་སྒྱུར་གྱི་སྲིད་བྱུས་ཡིན་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་སྤྱི་གླིང་དེ་ཕྱི་ལོ་༢༠༡༨ལོ་ནས་འཛུགས་བསྐྲུན་བྱས་ཡོད་པ་དང་། ལྷ་སའི་སྐྱིད་ཆུའིཉེ་འགྲམ་ནས་སྤྱི་ལེ་གསུམ་ཙམ་གྱི་སར་ཡོད་པ་དང་། སྤྱི་གླིང་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༧༠༤༦་ཙམ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།