རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་ཁོངས་ཀྱི་གཞུང་གི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་མེད་པ་བཟོ་བཞིན་འདུག

2023.10.16
རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་ཁོངས་ཀྱི་གཞུང་གི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་མེད་པ་བཟོ་བཞིན་འདུག དར་མདོའི་བོད་ཡིག་སློབ་འབྲིང་གི་སྒོ་ཆེན། ༼ཟླ་ཚེས་མི་གསལ
བོད་འབྱོར།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༩་བའི་ནང་སྟོན་དུས་སློབ་འགོ་ཚུགས་པ་དང་བསྟུན། དཀར་མཛེས་ཁུལ་ཡོངས་ཀྱི་གཞུང་གཉེར་སློབ་གྲྭ་ཁག་ཏུ་གསར་དུ་བསྡུས་པའི་འཛིན་གྲྭ་ཚང་མའི་ནང་བོད་ཀྱི་སྐད་ཡིག་གི་ལམ་ནས་སློབ་ཚན་སློབ་ཁྲིད་མེད་པ་བཟོས་ཡོད་པ་དང་། གནད་དོན་དེའི་སྐོར་ལ་དཀར་མཛེས་ཁུལ་སློབ་གསོ་ལས་ཁུངས་ཟེར་བས། ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་བཀོད་ཁྱབ་བཏང་ཡོད་ན་ཡང་། བཀོད་ཁྱབ་དེ་རིགས་དང་འབྲེལ་དགེ་རྒན་ཚོར་ཚོགས་འདུ་ཚོགས་ནས་འགྲེལ་བཤད་ཙམ་ལས་ཡིག་ཆ་སོགས་མཁོ་སྤྲོད་རྩ་ནས་བྱས་མེད་པ་དང་། ལྕགས་ཟམ་ཁ་སློབ་འབྲིང་ནང་བོད་ཡིག་སློབ་ཁྲིད་མེད་པ་བཟོས་རྗེས། བོད་ཡིག་དགེ་རྒན་ཚོར་གཞུང་ཞབས་དང་བོད་ཡིག་ཡོད་སའི་ས་ཁུལ་དུ་ཞུགས་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་ངོ་སྤྲོད་པས་གསུངས་ན། ད་ལོ་ནས་བཟུང་དཀར་མཛེས་ཁུལ་ཡོངས་ཀྱི་སློབ་འབྲིང་ཁག་གིས་གསར་དུ་བསྡུས་པའི་འཛིན་གྲྭ་ཚང་མའི་ནང་བོད་ཀྱི་སྐད་ཡིག་གི་སློབ་ཚན་མེད་པ་བཟོས་ཡོད་པ་དང་། ཕྱི་ལོ་༢༠༢༥ནས་སློབ་གྲྭ་ཚང་མའི་ནང་བོད་ཡིག་གི་སློབ་ཁྲིད་རྩ་ནས་མེད་པ་བཟོ་དགོས་པ་སྲིད་གཞུང་གི་བཀོད་ཁྱབ་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ལ། སྤྱིར་བཏང་དཀར་མཛེས་ཁུལ་ཡོངས་སུ་བོད་ཡིག་རྐྱང་བའི་སློབ་ཁྲིད་བྱེད་སའི་སློབ་འབྲིང་མང་པོ་ཞིག་མེད་པ་དང་། དེ་སྔ་ཡིན་ན་བྲག་མགོ་རྫོང་དུ་བོད་ཡིག་ཁྲིད་བཞིན་པའི་སློབ་འབྲིང་གཉིས་ཡོད་པ་ལས། གཅིག་དེ་བོད་ཀྱི་བླ་མ་ཞིག་གིས་སྦྱིན་བདག་འོག་ཡོད་པས་བོད་སྐད་ཡིག་གི་སློབ་ཁྲིད་ཅུང་ཙམ་ཡག་པོ་ཡོད་པ་དང་། དེ་མིན་འབའ་ཐང་རྫོང་དུ་ཡོད་པའི་དཀར་མཛེས་ཁུལ་ཁམས་ལྷོ་མི་རིགས་སློབ་འབྲིང་ནང་དེ་སྔ་བོད་ཡིག་རྐྱང་བའི་སློབ་གྲྭ་ཡིན་ཡང་། དེང་སྐབས་བོད་ཀྱི་སྐད་ཡིག་གི་སློབ་ཚན་མེད་པ་བཟོས་ཡོད་པས། ད་ཆ་བོད་ཀྱི་སྤྱི་ཚོགས་དང་སློབ་གསོ་ནི་གསོན་ཐབས་མེད་པའི་གནས་སུ་ལྷུང་བཞིན་པ་བརྗོད་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱུས་ལོན་བྱས་སྐབས་ཤེས་རྟོགས་བྱུང་བ། དཀར་མཛེས་ཁུལ་ཡོངས་སུ་སློབ་འབྲིང་༡༧་ཙམ་ཡོད་པ་ལས། མུ་ལེ་བོད་ཡིག་སློབ་འབྲིང་། ཉག་རོང་རྫོང་སློབ་འབྲིང་། སི་ཁྲོན་ཞིང་ཆེན་བརྒྱད་ཟིལ་རྫོང་སློབ་གྲྭ་འབྲིང་བ། འབའ་ཐང་རྫོང་སློབ་འབྲིང་། སྡེ་རོང་རྫོང་སློབ་འབྲིང་། རོང་བྲག་རྫོང་སློབ་འབྲིང་། དཔལ་ཡུལ་རྫོང་སློབ་འབྲིང་བཅས་ནང་བོད་ཡིག་སློབ་ཁྲིད་བྱེད་བཞིན་མེད་པ་དེ་ག་དུས་ནས་བསླབ་མཚམས་བཞག་པ་གསལ་བོ་མི་འདུག དེ་མིན་ཕྱི་ལོ་༢༠༡༠ལོ་ནས་བཟུང་བོད་ཀྱི་སྐད་ཡིག་དེ་སློབ་ཚན་གཅིག་པུའི་ངོ་བོར་སློབ་ཁྲིད་བྱེད་བཞིན་པ་དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་དང་། སྡེ་དགེ་རྫོང་ཤེས་རིག་ནོར་བུའི་སློབ་འབྲིང་། གསེར་ཐང་རྫོང་སློབ་འབྲིང་། སྡེ་དགེ་རྫོང་མ་ནི་གད་མགོ་སློབ་འབྲིང་། དཀར་མཛེས་ཁུལ་ཁམས་ལྷོ་མི་རིགས་སློབ་འབྲིང་། དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་། ལྕགས་ཟམ་ཁ་སློབ་འབྲིང་། བྲག་མགོ་རྫོང་སློབ་འབྲིང་། རྟའུ་རྫོང་སློབ་འབྲིང་བཅས་ཡིན་འདུག་ལ། འདི་ལོའི་ཕྱི་ཟླ་༩པ་ནས་བཟུང་གོང་གི་སློབ་གྲྭ་དེ་དག་གི་ནང་གསར་དུ་བསྡུས་པའི་འཛིན་གྲྭ་ཚང་མའི་ནང་བོད་སྐད་ཡིག་གི་སློབ་ཚན་སློབ་ཁྲིད་མེད་པ་བཟོས་ཡོད་པ་རེད་འདུག
བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དཀར་མཛེས་ཁུལ་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ནང་བོད་ཡིག་གི་ལམ་ནས་སློབ་ཁྲིད་མེད་པ་བཟོ་རྒྱུ་དེ་སྔར་ལོའི་ཕྱི་ཟླ་༧་པ་ནས་ཚོགས་འདུའི་སྟེང་བཤད་ཡོད་ན་ཡང་། ད་ལོ་དངོས་སུ་བོད་ཡིག་གི་ལམ་ནས་སློབ་ཚན་ཁག་སློབ་ཁྲིད་མེད་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱིར་ན་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་མང་ཆེ་བའི་ནང་རྒྱ་བསྒྱུར་སློབ་གསོ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་བཞིན། ཕྱི་ལོ་༡༩༥༧ལོར་བོད་ཀྱི་སྐད་ཡིག་དང་སློབ་གསོར་དམིགས་ཏེ་ཆེད་འཛུགས་བྱས་པ། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་ད་ལྟའི་ཆར་འཛིན་གྲྭ་༦༠་དང་དགེ་རྒན་༢༤༠་ལྷག་དང་། སློབ་མ་༣༤༠༠་ལྷག་ཡོད་ཀྱང་། སློབ་གྲྭའི་སློབ་ཚན་ནང་ལོ་རེ་བཞིན་བོད་སྐད་ཡིག་ཇེ་ཉུང་དུ་བཏང་སྟེ། ད་ལྟའི་ཆར་བོད་ཡིག་སློབ་ཁྲིད་མེད་པ་བཟོས་ཡོད་པ་དང་། གོང་ཞུས་འབྲེལ་ཡོད་གཅིག་ནས་མུ་མཐུད་ལོ་རེ་བཞིན་སློབ་གྲྭ་ཁག་ཏུ་སྲིད་གཞུང་གི་ལས་འཆར་ལ་ཁ་གཡར་ནས་བོད་སྐད་ཡིག་གི་སློབ་གསོ་རྩ་མེད་བཟོ་ཐབས་བྱེད་བཞིན་འདུག་ལ། གཙོ་བོ་དྲག་པོའི་ཐབས་ལམ་ལས་འཇམ་པོའི་སྡུག་རྩུབ་ཀྱིས་སྤྱི་ཚོགས་དང་སློབ་གསོ་ནི་གསོན་ཐབས་མེད་པའི་ལམ་དུ་མངོན་གསལ་དོད་པོས་ལྷུང་བཞིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
དཀར་མཛེས་ཁུལ་ཡོངས་ནང་བོད་རིགས་འདུས་སྡོད་གཙོ་བོ་ཡིན་པའི་ས་ཁུལ་དར་རྩེ་མདོ་དང་། རྟའུ། བྲག་མགོ དཀར་མཛེས། དཔལ་ཡུལ། ཉག་རོང་། སྡེ་དགེ གསེར་རྟ། སེར་ཤུལ། རོང་བྲག འབའ་ཐང་། ལི་ཐང་། འདབ་པ། ཕྱག་ཕྲེང་། ཉག་ཆུ་ཁ། ལྕགས་ཟམ་ཁ། བརྒྱད་ཟུར་རྫོང་། སྡེ་རོང་རྫོང་། མུ་ལེ་རྫོང་བཅས་རྫོང་ཁག་༡༨ཡོད་པའི་ནང་། མི་འབོར་ས་ཡ་གཅིག་ལ་ཉེ་བ་ཡོད་པ་ལས་བརྒྱ་ཆ་༩༠་བོད་རིགས་ཡིན་འདུག་ལ། ཕྱི་ལོ་༢༠༡༥ལོར་གཏན་འབེབ་བྱས་པའི་དཀར་མཛེས་ཁུལ་བོད་ཀྱི་སྐད་ཡིག་སྲོལ་ཡིག་ཟེར་བའི་ནང་། བོད་རིགས་ས་གནས་རང་སྐྱོང་ཁུལ་དུ་བོད་ཀྱི་སྐད་ཡིག་བྱ་བའི་རུ་དཔུང་འཛུགས་པར་ཤུགས་སྣོན་དང་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་སློབ་ཁྲིད་དར་སྤེལ་དང་། རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་བཞིན་མི་རིགས་གཞན་པས་དཀར་མཛེས་ཁུལ་དུ་བོད་སྐད་ཡིག་ལ་འབད་བརྩོན་དགོས་པ་སོགས་བཀོད་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཟེར་བའི་ནང་། རང་སྐྱོང་ཁུལ་གྱི་བོད་ཡིག་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་དང་སློབ་ཁྲིད་སྐད་ཡིག་ལ་བོད་ཀྱི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང་། དེ་བཞིན་བོད་རིགས་ས་ཁུལ་གྱི་རྒྱ་རིགས་དང་མི་རིགས་གཞན་གྱི་ལས་བྱེད་པ་དང་ལས་བཟོ་པར་བོད་ཀྱི་སྐད་ཡིག་སློབ་པའི་གསོ་སྦྱོང་སྤྲད་དེ། བོད་ཀྱི་སྐད་ཡིག་བཀོལ་ནས་ལག་བསྟར་བྱེད་དགོས་ཡིན་སྐོར་བཀོད་ཡོད་པ་རེད།


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཧྥ་རན་སི་དང་བྷེལ་ཇིཡམ་བཅས་སུ་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་དང་འབྲེལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎