ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དང་འབྲེལ་བའི་ཉན་ཞིབ་འཚོགས་གཏན་འཁེལ་འདུག
རྒྱ་ནག་གཞུང་གིས་བོད་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་པ་དང་། བོད་མི་རྒྱ་མི་རིགས་སུ་བསྒྱུར་ཐབས་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གི་སྲིད་ཇུས་བྱེད་བབ་ཐད། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ངོས་ནས་རིང་མིན་ཕྱི་ཚེས་༢༨ཉིན་ཉན་ཞིབ་འཚོགས་རྒྱུ་ཡིན་པའི་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་རྒྱུ་ཡིན་འདུག
ཚེས་༢༢ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་ལས་དོན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་དམར་པོའི་གཞུང་གི་དྲག་གནོན་ཆེ་བའི་དབང་འཛིན་འོག་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འོག བོད་ཀྱི་སྐད་ཡིག་དང་ཆོས། ཕ་མེས་ཀྱི་རིག་གཞུང་བཅས་བ་རྩ་མེད་གཏོང་བཞིན་པ་སོགས་བོད་ཀྱི་གནས་སྟངས་ཉེན་ཚབས་ཆེན་པོ་ཆགས་བཞིན་པ་དང་། དེ་བཞིན་ད་ཆ་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྲུ་གུ་བརྒྱ་ཆ་༨༠ཙམ་རང་གི་ཕ་མ་དང་ཁྱིམ་ནས་ཁ་ཐག་རིང་བའི་རྒྱ་ནག་གི་སྟངས་འཛིན་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ནང་འཇུག་བཞིན་ཡོད་པ་ནི། རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་བཅས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་ཚོ་བཙན་དབང་གིས་རྒྱ་ནག་གི་ངོ་བོར་བསྒྱུར་བཞིན་པའི་ལས་གཞི་ཚབས་ཆེ་ཞིག་དང་བློ་ཚབས་སྐྱེས་དགོས་པ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག
ད་ཐེངས་ཀྱི་ཉན་ཞིབ་སྐབས་འབྲེལ་ཡོད་གནས་ཚུལ་དང་གནས་ལུགས་ཞུ་གཏུགས་གནང་མཁན་དཔང་པོའི་གྲས་སུ། དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙོས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)ལགས་དང་། བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས། ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་དངོས་སུ་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་བས་ད་རེས་ཉན་ཞིབ་དེའི་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་སྐད་ཡིག་དང་། ཆོས། རིག་གཞུང་བཅས་ཀྱི་ཐོག་ལ་དམ་དྲག་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་ཡུལ་གྲུ་ཁག་ནང་གནས་སྡོད་བྱེད་བཞིན་པའི་བོད་མིའི་ཐོག་ལ་ཡང་དམ་དྲག་བསུན་གཙེར་བྱེད་བཞིན་པ་བཅས་ཀྱི་སྐོར་ལ་ཡང་ཉན་ཞིབ་གནང་རྒྱུ་ཡིན་པ་དང་། ཉན་ཞིབ་དེའི་དམིགས་ཡུལ་ནི་ཨ་རི་དང་བསམ་ཚུལ་གཅིག་མཚུངས་འཛིན་བཞིན་པའི་རྒྱལ་ཁབ་གཞན་ཁག་ནས་བོད་མིའི་རིག་གཞུང་གཅེས་འཛིན་བྱ་རྒྱུར་རོགས་སྐྱོར་གནང་རྒྱུ་དང་། རྒྱ་གར་དང་བལ་ཡུལ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་བཅས་གང་སར་རྒྱ་ནག་གཞུང་གིས་སོ་ལྟ་དང་། འཇིགས་སྐུལ་རིགས་ལ་སྲུང་སྐྱོབ་གནང་རྒྱུའི་ཐབས་ལམ་དང་སྲིད་བྱུས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།