རྒྱ་ནག་ཏུ་དམངས་གཙོ་དོན་གཉེར་བར་རྡུང་རྡེག།

དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ནག་ཉེས་བཙུགས་ཏེ་རྡུང་རྡེག་གཏོང་གི་ཡོད་པ།

2011-02-25
Share

༄༅༎ཉེ་ཆར་རྒྱ་ནག་གི་དྲ་རྒྱའི་ཐོག་དཀྱིལ་ཤར་ཡུལ་གྲུའི་ནང་གི་ངོ་རྒོལ་གྱི་ལས་འགུལ་ལྟ་བུ་རྒྱ་ནག་ནང་སྤེལ་དགོས་པའི་མི་དམངས་ལ་སྐུལ་སློང་གི་གནས་ཚུལ་ཐོན་པར་བརྟེན་ནས་རྒྱ་ནག་གཞུང་གིས་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་གནད་ཡོད་མི་སྣ་ཁག་ཅིག་ལ་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མཁན་ཡིན་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་རྡུང་རྡེག་གཏོང་གི་ཡོད་པ་རེད།

དེ་རིང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། གཟའ་འཁོར་དེའི་སྔོན་གྱི་རེས་གཟའ་སྤེན་པའི་ཉིན་རྒྱ་ཡིག་དྲ་རྒྱའི་ཐོག་མེ་ཏོག་བ་སྤུའི་གསར་རྗེའི་ལས་འགུལ་ཞེས་པའི་མིང་ཚིག་བེད་སྤྱོད་བཏང་སྟེ། དོན་དངོས་ཐོག་རྒྱ་ནག་གི་གྲོང་ཁྱེར་ཁག་༡༣ནང་དུས་གཅིག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་བརྒྱུད་སྐུལ་གྱི་གནས་ཚུལ་བཀོད་སྤེལ་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་མི་གྲངས་བརྒྱ་ལྷག་ལ་རྡུང་རྡེག་གཏོང་བའི་ལས་འགུལ་འགོ་བཙུགས་ཏེ། ཁོང་ཚོར་འདྲི་རྩད་བྱེད་པ་དང༌། ཡང་ན་ཁྱིམ་ཚང་ནས་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་དམ་བསྒྲགས་བྱེད་པ། ཁག་ཅིག་གར་སོང་མེད་པར་གྱུར་བའི་གནས་ཚུལ་བྱུང་བཞིན་ཡོད་པ་དང༌། ཉེ་ཆར་མེ་ཏོག་བ་སྤུའི་གསར་བརྗེའི་ལས་འགུལ་སྤེལ་དགོས་པའི་བརྒྱུད་སྐུལ་གྱི་གནས་ཚུལ་དེ་ཐོན་མ་ཐག་རྒྱ་ནག་ནང་མཚན་སྙན་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་དང། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་མི་གྲངས་༡༥ འཛིན་བཟུང་གིས་གར་སོང་མེད་པ་གྱུར་བའི་གནས་ཚུལ་བྱུང་ཡོད། ད་རེས་རྒྱ་ནག་གཞུང་གིས་ཁོང་ཚོར་ཆབ་སྲིད་ཀྱི་ནག་ཉེས་ཉེས་འགེལ་བྱས་པའི་གནས་སྟངས་དེ་དག་གིས། འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་དེ་དག་ལ་བཙོན་འཇུག་གི་ཉེས་ཆད་གཏོང་རྒྱུའི་སྔོན་བརྡ་ཡིན་པའི་ངོས་འཛིན་གནང་ཡོད་ཅེས་དང༌། ད་དུང་རྒྱ་ནག་གི་རྩོམ་བྲིས་པ་རན་ཡུན་ཕེ་དང༌། ལིཡང་ཧའེ་ཡི་གཉིས་དང༌། ཡང་དེ་སྔ་༡༩༨༩ལོའི་རྒྱ་ནག་གི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། བཙོན་དུ་ཚུད་མྱོང་མཁན་ཏིང་མའོ་དང་ཁྲེན་ལྦེ་བཅས་ཁོང་ཚོ་བཞི་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མཁན་ཡིན་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པ་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་ཧུའ་ཁྲུན་ཧུ་ལ་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་གྱར་བྱས་པའི་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་པའི་བྱ་སྤྱོད་དེ་ཚོ་ནི་ཉེ་བའི་ལོ་ཤས་དེའི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་པའི་ནང་གི་ཚབས་ཆེ་ཤོས་ཤིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་བཀོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།