བོད་རིགས་སློབ་ཆེན་པ་རྨེའུ་བཟོད་པ་འཇུ་བཟུང་བྱས་འདུག
2014.12.30
རྔ་བ་རྫོང་གི་བདེ་འཇགས་མི་སྣ་དང་ཉེན་རྟོག་མི་སྣ་མཉམ་རུབ་ཀྱིས་རྨེའུ་བཟོད་པ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་འདི་ཚེས་༢༧ཉིན་གྱི་ཕྱི་དྲོ་མདོ་སྨད་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་ཡུལ་ཚོའི་རུ་ཆེན་གསུམ་པའི་རྩོམ་པ་པོ་རྨེའུ་བཟོད་པ་ལགས་རླངས་འཁོར་ནང་རྨེའུ་རུ་མའི་ཡུལ་ཚོ་ནས་རྔ་པ་རྫོང་དུ་སྐྱོད་བཞིན་པའི་ལམ་བར་དུ། རྔ་བ་རྫོང་གི་བདེ་འཇགས་མི་སྣ་དང་ཉེན་རྟོག་མི་སྣ་མཉམ་རུབ་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ད་ལྟའི་ཆར་རྩོམ་པ་པོ་རྨེའུ་བཟོད་པ་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཁ་གསལ་མེད་ཀྱང་། ཁོང་གི་ངོ་ཤེས་ཚོས། རྩོམ་པ་པོ་རྨེའུ་བཟོད་པ་ལགས་ཀྱིས་༼ རྨེའུ་བཟོད་པའི་འཕྲིན་སྟེགས།༽ཞེས་པའི་དྲ་ལམ་ཐོག་སྒེར་གྱི་ཟིན་བྲིས་ཤིག་གཉེར་བཞིན་ཡོད་པ་དང་། དེར་ཁོང་དང་མི་གཞན་གྱིས་བྲིས་པའི་བོད་ཀྱི་རང་དབང་དང་རང་ལུས་མེར་བསྲེགས་སྐོར་གྱི་རྩོམ་ཡིག་༼རང་དབང་གི་ཆེད་དུ་ལག་པ་གནམ་ལ་ཕྱར་བ། ༽ཞེས་པ་དང་། ཉིན་ཤས་སྔོན་རང་ལུས་མེར་བསྲེགས་གནང་མཁན་ཚེ་པེ་སྐྱིད་ལགས་ཀྱི་སྐོར་ལ་རྒྱ་ཡིག་ཐོག་༼དཔའ་མོ།༽ཞེས་པ་དང་། ༼ ཁྱི་རྒན་ཚང་ད་འདུག་གི་མི་འཇུག་ནས། བཙན་འཛུལ་བྱེད་རྒྱུ་མང་མེད་ན་ཉུང་མེད་༽ཞེས་པ་སོགས་ཀྱི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་ཡོད་སྟབས། རྒྱ་གཞུང་གིས་དེ་དག་ཆབ་སྲིད་དང་འགལ་བའི་ཉེས་འཛུགས་བྱས་པ་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
རྒྱ་གཞུང་གིས་༢༠༠༨ལོའི་ཞི་རྒོལ་རྗེས་སུ་རྔ་པ་ཁུལ་དུ་༼དགུ་སྣོན་གསུམ་སློབ་གསོ་༽ཟེར་བའི་ལས་འགུལ་ཞིག་སྤེལ་བའི་འོག་ཞིང་འབྲོག་མི་མང་གི་བྱིས་པ་ལོ་བཅོ་བརྒྱད་མ་ཟིན་པ་རྣམས་རྒྱ་ནག་ཁྲིན་ཏུའུ་སོགས་ལ་བཙན་ཁྲིད་བྱས་ཏེ་རྒྱ་གཞུང་གི་ལངས་ཕྱོགས་དང་རྒྱ་ནག་གི་གོམས་གཤིས་སོགས་འཇགས་ཐབས་ཀྱི་ཆེད་དུ་གཉེར་བའི་སྲིད་བྱུས་དེའི་འོག རྨེའུ་བཟོད་པ་ལགས་ཀྱང་ཚུད་དེ། སློབ་གྲྭ་དེར་མི་འགྲོ་ཐབས་མེད་བྱུང་ཡང་། རྗེས་སུ་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ནང་སློབ་ཞུགས་ཀྱིས། གུང་སེང་སོགས་དང་བསྟུན་ཏེ་རང་གི་ཕ་ཡུལ་རྨེའུ་རུ་མའི་ཡུལ་ཚོའི་ནང་ཁོང་དང་ཁོང་གི་གྲོགས་པོ་ཁག་ཅིག་གིས་༼སྨྲ་དབང་མེད་པའི་འུ་ཅག༽ཟེར་བ་སོགས་ཀྱི་བགྲོ་གླེང་ཚོགས་འདུ་མང་པོ་གོ་བསྒྲིགས་བྱེད་མྱོང་ཡོད་འདུག
རྩོམ་པ་པོ་རྨེའུ་བཟོད་པ་ལགས་ཀྱི་ཁྱིམ་ཚང་གི་མིང་ལ་མགོན་ཁོ་ཚང་ཟེར་ཞིང་། ཁོང་ད་ལྟ་རང་ལོ་༢༡ཡིན་པ་དང༌། ཁོང་གི་ཡབ་ཀྱི་མཚན་ལ་མགོན་ཁོ་དང་། ཡུམ་གྱི་མཚན་ལ་དཔལ་ཁོ་ཞུ་གི་ཡོད་པ་དང༌། ད་ལྟ་ལན་ཀྲུག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལོ་རིམ་གཉིས་པའི་འཛིན་གྲར་བསྐྱོད་བཞིན་པ་ཡིན་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།