རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཇེ་སྡུག་ཡིན་འདུག

2020-05-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༢༠།༥།༢༥
རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༢༠།༥།༢༥
AP

འདས་བའི་ལོའི་ནང་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཁྲིམས་གཏུག་གི་གྱོད་དོན་གྲངས་འབོར་ལྡབ་ལོག་གི་མང་དུ་སོང་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིན་གྱིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད་ཚུལ་བསྒྲགས་བཞིན་ཡོད་ཀྱང་འདས་བའི་༢༠༡༩་ལོར་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཁྲིམས་གཏུག་གི་གྲངས་འབོར་ལྡབ་ལོག་གི་མང་དུ་སོང་ཡོད་འདུག
ཕྱི་ཚེས་༢༦་ཉིན་ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ལོ་འཁོར་གྱི་སྙན་ཐོ་ཕུལ་བའི་ནང་། འདས་བའི་༢༠༡༩་ལོའི་ནང་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་རྒྱལ་ཡོངས་སུ་མི་གྲངས་༡༨༥༨༥་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཡོད་པ་དང་། དེ་ནི་དེ་སྔོན་གྱི་ལོ་དང་བསྡུར་ན་བརྒྱ་ཆ་༩༠་ཙམ་ཇེ་མང་དུ་སོང་ཡོད་པ་གསལ་འདོན་བྱས་འདུག
ལྐོག་ཟ་ལྐོག་ལེན་བྱས་པའི་ཁྲིམས་བཤེར་དེའི་ནང་། རྒྱ་ནག་གི་ཡུན་ནན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་(Qin Guangrong)་གཙོས་པའི་རྒྱ་ནག་གི་ཞིང་ཆེན་ཁག་ནང་། དམར་ཤོག་ཚོགས་པའི་འགོ་ཁྲིད་དང་བློན་ཆེན་གྱི་གོ་གནས་ཡོད་པའི་མི་སྣ་༡༦་ཙམ་ཡོད་འདུག
གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་ནང་ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲོད་མང་ཆེ་བར་ནག་ཉེས་ར་སྤྲོད་ཀྱི་ཉེས་ཆད་ཕོག་གི་ཡོད་ཅིང་། ༢༠༡༩་ལོར་རྒྱ་ནག་ཁྱོན་ཡོངས་སུ་ལྐོག་ཟ་ལྐོག་ལེན་དང་འབྲེལ་བའི་ཁྲིམས་གཏུག་བྱ་མཁན་ས་ཡ་གཅིག་དང་འབུམ་གསུམ་ལྷག་བྱུང་ཡོད་པའི་ནང་། མི་གྲངས་༡༣༨༨་མ་གཏོགས་གཞན་ཚང་མར་ཁྲིམས་ཐོག་ནས་ནག་ཉེས་ར་སྤྲོད་ཀྱི་ཉེས་ཆད་ཕོག་ཡོད་པ་རེད།
ཉེ་བའི་ཆར་ལྐོག་རྔན་ལྐོག་ལེན་དང་འབྲེལ་བའི་ཁྲིམས་ཐོག་ནག་ཉེས་ཕོག་པའི་ཁོངས་སུ། རྒྱ་ནག་གི་རྒྱལ་ཡོངས་བདེ་སྲུང་བློན་ཆེན་གཞོན་པ་ཟུར་པ་(Sun Lijun)་དང་། མཚོ་གྲུའི་ཁེ་ལས་ཀྱི་སྤྱི་ཁྱབ་འགན་འཛིན་(Hu Wenming)་གཉིས་ལ་ཁྲིམས་སྒྲིག་དང་འགལ་འཛོལ་ཤོར་བའི་སྐྱོན་འཛུགས་འོག་ཕྱི་ཟླ་༤་པ་དང་༥་པ་གཉིས་ཀྱི་ནང་དོ་དམ་འཛིན་བཟུང་བྱས་ཡོད་པ་རེད།
གཞན་ཡང་རེས་གཟའ་ཟླ་བའི་ཉིན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཐོག རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་སྙན་ཐོ་སྙན་སེང་ཞུས་པའི་ནང་། ༢༠༡༩་ལོའི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ལྐོག་ཟ་ལྐོག་ལེན་བྱས་པའི་ནག་ཉེས་འོག་ཁྲིམས་ཐོག་ཏུ་ཞིབ་འཇུག་བྱས་པའི་གྲངས་འབོར་བརྒྱ་ཆ་༥༠་ཙམ་གྱི་མཐོ་རུ་སོང་ཡོད་པ་དང་། དེ་བཞིན་༢༠༡༩་ལོའི་ནང་། རྒྱ་ནག་རྒྱལ་ཡོངས་སུ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཁྲིམས་ཞིབ་༢༥༠༠༠་བྱུང་བའི་ཁྲོད་མི་གྲངས་༢༩༠༠༠་ཙམ་ལ་ལྐོག་ཟ་རྐུ་རྒྱག་དང་། ལྐོག་རྔན་བླངས་པའི་གྱོད་གཞི་ར་སྤྲོད་བྱུང་ཡོད་ལུགས་གསལ་འདོན་བྱས་འདུག
གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་གྱིས་འདས་པའི་ལོ་ངོ་བདུན་ཙམ་གྱི་ལས་དུས་རིང་། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཞེས་པའི་ལས་འགུལ་ཁྲོད། རྒྱ་ནག་ནང་སྲིད་ཞུའི་ལས་བྱེད་ས་ཡ་ལྷག་བཙོན་འཇུག་གི་ཉེས་ཆད་ཕོག་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་མང་པོས། སྲིད་འཛིན་ཞེ་ཅིན་པིན་གྱི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཞེས་བའི་ལས་འགུལ་སྤེལ་ཕྱོགས་དེ་ནི། རྒྱ་ནག་ནང་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་ཁྲོད་ཆབ་སྲིད་ཀྱི་གཡོ་བྱུས་ཞིག་ཡིན་པར་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།