རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།

2025.02.10
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་རྒྱ་ནག་གི་མགྲིན་ཚབ་པ་(Guo Jiakun)
སྒྲིག་བཟོ།

འདི་ཚེས་༡༠ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཐད་དྲི་བ་དྲིས་པའི་སྐབས་སུ་མགྲིན་ཚབ་པ་ཀའོ་ཅཱ་ཁོན་(Guo Jiakun)་གྱིས། དེ་ལ་ཐད་ཀར་ལན་འདེབས་མ་བྱས་བར་ད་ལྟའི་ཏཱ་ལའི་བླ་མས་རྒྱ་ནག་ཁ་ཕྲལ་གཏོང་བའི་ལངས་ཕྱོགས་སྤངས་ཏེ་བོད་དང་ཐེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ངོས་འཛིན་གནང་བ་ཡིན་ན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་མ་འོངས་པར་གྲོས་བསྡུར་བྱེད་པར་སྒོ་མོ་ཕྱེས་ཡོད། རྒྱ་ནག་གིས་ད་ལྟའི་ཏཱ་ལའི་བླ་མ་“ལམ་ནོར་དུ་མི་འགྲོ་བར་ཡང་དག་པའི་ལམ་ལ་ཕྱིར་ལོག་ཐུབ་པ”དང་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་རྩ་བ་ནས་བཅོས་བསྒྱུར་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག


དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བཤད་པའི་སྐད་ཆ་དེ་རྩ་བ་ནས་ཏག་ཏག་བསྡད་ཡོད་བ་མ་རེད། བོད་ཀྱི་གནད་དོན་དེ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་རེད། དེ་ཡིན་དུས་རྒྱ་ནག་གཞུང་གིས་བོད་ནང་གི་རྒྱ་ཆེའི་མི་མང་གི་མངོན་འདོད་དང་འབྲེལ་བའི་ཐོག་ནས་སྐད་ཆ་བཤད་དགོས་བ་ཞིག་ཆགས་ཡོད། གང་ལྟར་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་གི་བཞེངས་ཕྱོགས་གཉིས་སྨན་དབུ་མའི་ལམ་ཆགས་ཡོད། དེ་རང་རྒྱལ་གཞན་ཕམ་མ་ཡིན་པའི་བོད་རྒྱ་གཉིས་ཕན་གྱི་ལམ་ཞིག་ཆགས་ཡོད། ཡིན་ན་ཡང་རྒྱ་ནག་གི་ཕྱོགས་ནས་ད་དུང་ཡང་མུ་མཐུད་དུ་༧གོང་ས་མཆོག་ལ་ཁ་བྲལ་བའི་ངན་འཛུགས་བྱེད་བཞིན་པ་ནི་ཏག་ཏག་བསྡད་མེད་ལ་དེ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། རྒྱ་ནག་གི་ངོས་ནས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་གྲོས་མོལ་བྱེད་དགོས་བ་ལན་འདེབས་གནང་བྱུང་།


དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལྟ་རྒྱ་ནག་གཞུང་གིས་བཤད་པ་དེ་དེ་སྔ་གང་བཤད་པ་དེ་བསྐྱར་ཟློས་ཙམ་ཡིན་པ་དང་། བོད་ཀྱི་གནད་དོན་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་མིན་པ་༧གོང་ས་མཆོག་གིས་སྔ་རྗེས་སུ་བཀའ་གསལ་པོ་གནང་ཡོད། ལོ་རྒྱུས་ཀྱི་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་མིན་ལ། ལོ་རྒྱུས་ལ་སུས་ཀྱང་བཅོས་སྒྲིག་བྱེད་ཐབས་མེད། ཅེས་ལན་འདེབས་གནང་བྱུང་།


སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྔོན་མ་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་གྱིས་བོད་རང་བཙན་རྩོད་ལེན་གནང་གི་མེད་པར་བོད་ལ་དོན་དམ་གྱི་རང་སྐྱོང་གནས་བབ་ཐོབ་ཐབས་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་ཡོད་པ་རེད།


སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཉིས་བར་གཞུང་འབྲེལ་གྲོས་མོལ་གྱི་འབྲེལ་ལམ་དེ་ཕྱི་ལོ་༢༠༡༠ནས་མཚམས་ཆད་ཡོད་པ་རེད་ལ། ཐེངས་འདིར་ཕྱི་སྲིད་མགྲིན་ཚབ་པས་བཤད་པ་དེ་རྒྱ་ནག་གི་དེ་སྔ་ཐེངས་མང་ལ་བསྒྲགས་ཟིན་ཡོད་པ་རེད་ལ། ཕྱི་ལོ་༢༠༢༤ ཟླ་༤ ནང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་སྒེར་གྱི་མ་འོངས་ཆེད་གྲོས་མོལ་ལས། བོད་མིའི་སྒྲིག་འཛུགས་གཙོས་འབྲེལ་ཡོད་གཞན་སུ་གཅིག་དང་འབྲེལ་བ་བྱ་རྒྱུའི་འདོད་མོས་མེད་སྐོར་བརྗོད་ཡོད་པ་རེད།།


གསར་འགོད་པ། བསྟན་འཛིན་ནོར་འཛོམས། རྡོ་རྗེ་མཚོ། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎