རྒྱལ་ཚོགས་ཀྱིས་ཉེས་མེད་བོད་མི་དགུ་ཡི་སྐོར་རྒྱ་ནག་ལ་འདྲི་རྩད་བྱས་འདུག
2019.07.19
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་ཉེས་མེད་བོད་མི་དགུ་ཡི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ནས། ཕྱི་ལོ་༢༠༡༦་ལོར་ཨ་མདོ་རྔ་ཀིརྟི་དགོན་པའི་དགེ་འདུན་པ་དང་མི་སེར་དཀྱུས་མ་དགུ་ཡིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པར། རྒྱ་ནག་གཞུང་གིས་ཁོང་རྣམས་ལ་ཁ་བྲལ་རིང་ལུགས་ཀྱི་ཀུན་སློང་སྤེལ་བའི་ནག་ཉེས་བཙུགས་ནས་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དགུ་པོ་(བོད་མི་དེ་ཚོའི་གནས་ཚུལ་ཞིབ་ཕྲ།)རྣམས་ཀྱི་གནས་ཚུལ་མཁོ་སྤྲོད་དགོས་སྐོར། རྒྱ་གཞུང་ལ་ཤོག་གྲངས་༡༠་ཅན་གྱི་རེ་སྐུལ་ཕྱག་བྲིས་ཤིག་གནང་འདུག
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་(Karima Bennoune)་ལགས་དང་། སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་ཆེད་ཀྱི་དམིགས་བསལ་སྐུ་ཚབ་(David Kaye)་ལགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཀྱི་དམིགས་བསལ་སྐུ་ཚབ་(Michel Forst)་ལགས། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཀྱི་དམིགས་བསལ་སྐུ་ཚབ་(Fernand de Varennes)་ལགས། དེ་བཞིན་ཆོས་དད་རང་དབང་ཐད་ཀྱི་དམིགས་བསལ་སྐུ་ཚབ་(Ahmed Shaheed)་བཅས་ཀྱིས་མཚན་རྟགས་སྐྱོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་ཕྱག་བྲིས་ཤིག རྒྱ་ནག་གཞུང་ལ་གནང་བ་དེའི་ནང་། བོད་ནང་བོད་མི་ཚོས་བོད་མིའི་སྨྲ་བརྗོད་རང་དབང་དང་རིག་གཞུང་གི་མངོན་འདོད་གསལ་བཏོན་གནང་རྒྱུའི་རང་དབང་ཁག་རྒྱ་ནག་གིས་བརྩི་མེད་རྡོག་རོལ་བཏང་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པར་ཁ་བྲལ་རིང་ལུགས་ཀྱི་ནག་ཉེས་བེད་སྤྱོད་བཏང་ནས་ཉེས་ཆད་བཅད་པར་བློ་འཚབ་ཆེན་པོ་ཡོད་ལ་རྒྱ་གཞུང་གིས་ཁྲིམས་གཞི་ཨང་༡༠༣་གྱི་ནང་གསེས་སྡེ་ཚན་༢་ཞེས་པ། ཁ་བྲལ་རིང་ལུགས་བརྒྱུད་སྐུལ་ལམ་ཀུན་སློང་སྤེལ་བ་ཟེར་བའི་ནག་ཉེས་ཡང་སེ་བེད་སྤྱོད་བཏང་སྟེ་བོད་མི་མང་གིས་སྨྲ་
བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་རང་དབང་། ཚོགས་པ་འཛུགས་ཆོག་པའི་རང་དབང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ལ་དྲག་གནོན་བྱེད་བཞིན་པར་སེམས་འཚབ་ཤུགས་ཆེན་ཡོད་སྐོར་བཀོད་གནང་འདུག
ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༧་ཚེས་༦་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཆེད་གླིང་ཁ་བཏང་གནང་མཁན་དང་། སྤྱི་ཚོགས་དྲ་རྒྱའི་ནང་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ཨ་མདོ་རྔ་བ་ནས་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༡༢་པའི་ནང་བོད་མི་དགུ་བཙོན་འཇུག་ཞུས་པ་རྣམས་ནི། ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་རྒན་གྲས་འབྲུག་སྒྲ་ལགས་དང་། ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་མཁས་གྲུབ་ལགས། ལྷ་བཟོ་བློ་གྲོས་ལགས། བེུད་ཏ་རེ་སྐྱིད་ལགས། བོན་ཁོ་སྐྱིད་ལགས། སྤྲོ་ཚིག་དགོན་པའི་གྲ་ཟུར་སྤྲོ་ཚིག་ཚུལ་ཁྲིམས་ལགས། ཀིརྟི་དགོན་པའི་གྲ་ཟུར་ཚུལ་ཁྲིམས་ལགས། ཨ་ཀྱཱ་ཀྱཱ་བཅས་ཡིན་པ་རེད།
ཁོང་རྣམས་ཕལ་ཆེ་བ་ད་ལྟའི་འཆར་རྒྱ་མིའི་བཙོན་ཁང་གང་གི་ནང་ཡོད་མེད་ཤེས་རྟོགས་མེད་པ་དང་། གོང་ཞུས་བོད་མི་རྣམས་ཕྱི་ལོ་༢༠༡༦་ལོའི་གོང་ལ་ཡང་བོད་མིའི་ཞི་བའི་ངོ་རྒོལ་ནང་མཉམ་བཞུགས་གནང་བ་སོགས་ལ་བརྟེན་ནས་རྒྱ་གཞུང་གིས་ཁ་བྲལ་རིང་ལུགས་ཀྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་པ་རེད་འདུག