དགའ་ལྡན་ལྔ་མཆོད་སྐབས་རྒྱ་གཞུང་གིས་བོད་ནང་དམ་དྲག

2016-12-23
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་དགའ་ལྡན་ལྔ་མཆོད་སྐབས་ཀྱི་རྒྱ་གཞུང་གི་དམག་མི། ༢༠༡༦།༡༢།༢༣
ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་དགའ་ལྡན་ལྔ་མཆོད་སྐབས་ཀྱི་རྒྱ་གཞུང་གི་དམག་མི། ༢༠༡༦།༡༢།༢༣
འོད་ཟེར།

དགའ་ལྡན་ལྔ་མཆོད་སྐབས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་གིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཚེས་༢༣་ཉིན་དགའ་ལྡན་ལྔ་མཆོད་དང་བཞི་མཆོད་སྐབས་བོད་ནང་དང་ལྷག་དོན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོ་འཛོསམ་ནས་མཆོད་མེ་སྒྲོན་པ་སོགས་ཆོས་ཕྱོགས་བྱེད་སྒོ་སྤེལ་སྐབས་རྒྱ་ནག་གི་ཉེན་རྟོག་པ་དང་། དྲག་ཆས་དམག་མི། གསང་བའི་མི་སྣ་བཅས་ཀྱིས་ཕྱི་ནང་གསང་གསུམ་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས་ཡོད་འདུག
བོད་ནང་གི་བོད་མི་ཞིག་གིས་བརྗོད་དོན། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དང་བར་སྐོར་གླིང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན། ར་མོ་ཆེ་སོགས་སུ་དགའ་ལྡན་ལྔ་མཆོད་བཞི་མཆོད་བཅས་བར་རྒྱ་ནག་གི་དམག་མི་དང་། ཉེན་རྟོག་པ་། གསང་བའི་མི་སྣ། མེ་གསོད་རུ་ཁག་གི་མི་སྣ། དྲག་ཆས་དམག་མི་སོགས་ཀྱིས་ཡོངས་སུ་སྐོར་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཉིན་མཚན་མེད་པར་དམ་དྲག་སྐོར་སྲུང་བྱས་ནས་མཆོད་འབུལ་ཞུ་མཁན་རྣམས་ལ་སྔོག་བཤེར་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུག ད་དུང་མི་ཚོགས་འཛོམས་མ་བཅུག་པར་བོད་མི་ཁ་འཐོར་ལ་གཏོང་ཐབས་བྱས་བས་བོད་མི་ཚོའི་དད་འདུན་ལ་དངངས་སྐྲག་གི་ཁོར་ཡུག་ཞིག་བཟོས་འདུག་ཅེས་ངོ་སྤྲོད་གནང་བྱུང་།
དེ་བཞིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་དང་གཞན་ཁག་གཅིག་གིས་ལྷ་སར་དགའ་ལྡན་ལྔ་མཆོད་སྐབས་དམག་གིས་སྐོར་བའི་འདྲ་པར་ཁག་གཅིག་ཡང་སྤྱི་ཚོགས་དྲ་ལམ་ཁག་ལ་སྤེལ་འདུག
དགའ་ལྡན་ལྔ་མཆོད་ཆེན་མོ་ནི་ལོ་རེའི་བོད་ཟླ་༡༠་བའི་ཚེས་༢༥ཉིན་ཡིན་པ་དང་། དེ་ནི་རྒྱལ་བ་རྗེ་ཙོང་ཁ་པ་ཆེན་མོ་དགོངས་པ་རྫོགས་པའི་དུས་མཆོད་གྱི་ཉིན་མོ་ཡིན་པ་རེད། རྗེ་ཙོང་ཁ་པ་ཆེན་མོ་བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ་༡༣༥༨་ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་རེད་ལ་དགའ་ལྡན་བཞི་མཆོད་དང་ལྔ་མཆོད་ཆེན་མོར་བོད་མི་ཚོས་མཆོད་འབུལ་དང་། གང་སར་མཆོད་མེ་སྦར་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྲོལ་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།