༧གོང་ས་མཆོག་ལ་ངོས་ལེན་བྱེད་རྒྱུ་མེད་པའི་བཙན་སྐུལ།

རྒྱ་ནག་གཞུང་ནས་བོད་ནང་༧གོང་ས་མཆོག་དང་བཀའ་ཁྲི་རྣམ་གཉིས་ངོས་ལེན་བྱེད་རྒྱུ་མིན་པའི་ས་རྟགས་བསྡུ་རུབ་བྱེད་ཀྱི་ཡོད་པའི་གནས་ཚུལ།

2012.04.26
Share on WhatsApp
Share on WhatsApp

༄༅༎རྒྱ་ནག་གཞུང་ནས་བོད་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་བློན་ཁྲི་པ་རྣམ་གཉིས་ངོས་ལེན་བྱེད་རྒྱུ་མིན་པའི་ས་རྟགས་བསྡུ་རུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གནས་སྡོད་ཨ་འབྲུག་ཚེ་བརྟན་ལགས་ནས་གནས་ཚུལ་མཁོ་སྤྲོད་བྱེད་པར་ལྟར་ན། ལོ་འདིའི་འགོ་སྟོད་ནས་བཟུང་བོད་ཀྱི་ཁམས་དཀར་མཛེས་དང་། ལི་ཐང་ཁུལ་གྱི་འབྲོག་པ་ཚོར་ས་གནས་དཔོན་རིགས་ཚོས་བཙན་ཤེད་ཀྱི་ཐོག་ནས་ཡིག་ཆར་ས་ཡིག་རྒྱབ་བཅུག་གི་ཡོད་པ་དང་། ཡིག་ཆ་དེའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་རྣམ་གཉིས་ལ་ངོས་ལེན་བྱེད་ཀྱི་མེད་ལུགས་བཀོད་ཡོད་པ་མ་ཟད་གལ་སྲིད་ཡིག་ཆའི་ཐོག་ས་ཡིག་མ་རྒྱབ་པ་ཡིན་ན་ཉེས་རྡུང་དང་། སྡུག་སྦྱོང་བཏང་ཡོད་འདུག ཡང་ཁོང་ནས་མུ་མཐུད་འགྲེལ་བརྗོད་བྱེད་པར་ལྟར་ན། ལི་ཐང་གི་མོ་ལ་གྲོང་ཚོ་ནི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱི་ཕ་མེས་ཀྱི་ཁྱིམ་ཚང་ཡོད་སའི་ས་གནས་དེ་ཡིན་འདུག གོང་དུ་ཞུས་པའི་ཡིག་ཆ་དེའི་སྐོར་ཐོག་མར་ས་གནས་ལས་བྱེད་ཚོས་འབྲོག་པ་ཚོར་འགྲེལ་བཤད་རྒྱབ་པའི་སྐབས། དབྱར་རྩ་དགུན་འབུའི་གནད་དོན་སྐོར་ཡིན་ལུགས་བཤད་ཡོད་ཀྱང་རྗེས་སུ་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱབ་པ་ལྟར་མ་ཡིན་པར་ཚིག་བརྗོད་ནང་། ༧གོང་ས་མཆོག་ནས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེགས་བཏང་བའི་གནད་དོན་དེར་རྒྱབ་སྐྱོར་གནང་བ་དང་། བཀའ་བློན་ཁྲི་པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་བཞག་པར་སྐྱོན་བརྗོད་ཡོད་པའི་སྐོར་བཀོད་ཡོད་འདུག གང་ལྟར་བོད་མི་གཉིས་ནས་གནས་ཚུལ་ངོ་མ་མ་ཤེས་པའི་ཐོག་ནས་ས་རྟགས་བཀོད་པ་ལས་དེ་མིན་སུས་ཀྱང་ངོས་ལེན་བྱེད་ཀྱི་མེད་སྟབས་ཉེ་ཆར་ས་གནས་ལས་བྱེད་དང་། ཉེན་རྟོག་པ་མི་གྲངས་༣༠༠ལྷག་ཙམ་ཞིག་ལི་ཐང་གི་མོ་ལ་གྲོང་ཚོའི་ནང་ཡོང་ནས་མི་མང་ཚོགས་འདུ་བསྐོངས་ནས་བསམ་ཚུལ་དང་། དོགས་གཞི་ཡོད་ན་ཤོད་དགོས་ཞེས་ཉེན་རྟོག་པས་བུད་མེད་རྒས་མོ་ཞིག་ལ་སྐད་ཆ་དྲིས་པའི་་སྐབས་ཁོ་མོས། ངའི་སེམས་ལ་སྡུག་བསྔལ་ཆེ་ཤོས་ནི་རྒྱ་མིའི་ལག་པའི་འོག་ངའི་བུ་སྤུན་གཉིས་འདས་གྲོངས་གྱུར་སོང་བ་དེ་རང་མ་གཏོགས་གཞན་སེམས་ཁྲལ་མེད་ཅེས་ལན་རྒྱབ་པར་བརྟེན་ས་གནས་དཔོན་རིགས་ཚོ་ཁོང་ཁྲོ་དྲག་པོ་ལངས་ནས་བོད་མི་སུ་གཅིག་གི་ཀྱང་ངོས་ལེན་དང་ས་ཡིག་རྒྱབ་ས་མ་རེད་བསམ་ནས་རྒན་གཞོན་དབྱེ་བ་མེད་པར་ཚང་མར་ཉེས་རྡུང་དྲག་པོ་བཏང་བའི་མ་ཟད་མགོ་བོ་སྐྲ་བཞར་ནས་མགོ་རིལ་བཟོས་ཏེ་ས་ཡིག་བཙན་དབང་གི་ཐོག་ནས་རྒྱབ་བཅུག་ཡོད་སྟབས་ད་ཆ་ལི་ཐང་ཁུལ་ཟིང་ཆ་བསྐྱར་དུ་ལངས་ཡོད་པའི་སྐོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཨ་འབྲུག་ཚེ་བརྟན་ལགས་ནས་འདི་གར་ངོ་སྤྲོད་བྱེད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
མཁྱེན་བརྩེ་རིན་པོ་ཆེའི་ཐེབས་རྩ་ནས་ཨོ་སི་ཁྲི་རཱ་ལི་ཡའི་སི་ཊི་ནཱི་གཙུག་ལག་སློབ་ཆེན་ལ་ཨོ་སྒོར་ས་ཡ་གསུམ་དང་འབུམ་ལྔའི་ཞལ་འདེབས་ཕུལ་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།