བླ་རུང་སྒར་གཏོར་བཤིག་སྐབས་རྒྱ་ནག་དཔོན་རིཊ་ཚོས་ང་ཚོས་གང་བྱས་བྱས་རེད་ཅེས་བརྗོད་པ།

2017-12-19
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༦། རྒྱ་གཞུང་གིས་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་སྐབས་ཀྱི་འདྲ་པར།
༢༠༡༦། རྒྱ་གཞུང་གིས་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་སྐབས་ཀྱི་འདྲ་པར།
བོད་ནས་འབྱོར་བ།

༄༅། །བོད་ཀྱི་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ཞེས་པའི་ཁོངས་རྟོགས་སུ་ཡོད་པའི་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་བའི་སྐབས་རྒྱ་ནག་གི་དཔོན་རིགས་ཚོས་ས་དང་གནམ་གཉིས་ཀ་རྒྱ་ནག་དམར་ཤོག་ཚོགས་པར་བདག་གི་ཡོད་སྟབས་ང་ཚོས་གང་བྱས་བྱས་ཡིན་ཞེས་བཤད་ཡོད་པ་ནང་བསྟན་སློབ་གླིང་དེའི་སློབ་མ་ཚེ་རིང་ལགས་ཞུ་བ་ཞིག་གིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ལ་བརྗོད་འདུག
དེ་ཡང་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་བའི་སྐོར་དེ་རིང་གོང་ཞུས་སྡེ་ཚན་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༦ པ་ཙམ་ནས་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་འགོ་བཙུགས་ཏེ་འདི་ལོའི་ཕྱི་ཟླ་ ༩ གཏོར་བཤིག་གི་ལས་མཚམས་བཞག་པའི་བར་ བླ་རུང་སྒར་གྱི་དགོན་པ་དང་གྲ་ཤག་བཞི་སྟོང་བདུན་བརྒྱ་ཉི་ཤུ་རྩ་ལྔ་གཏོར་བཤིག་བཏང་བ་དང༌། གྲ་བཙུན་ཁྱོན་སྡོམ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔ་ཕྱིར་འབུད་བཏང་ཡོད་པའི་སྐོར་ཙམ་ལས། ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་བའི་སྐབས་རྒྱ་ནག་གི་དཔོན་རིགས་དང་དམག་དཔུང་བཅས་པའི་སྤྱོད་ཚུལ་ག་འདྲ་འཛིན་ཡོད་པ་དང༌། དེ་བཞིན་སློབ་གླིང་དེ་ནས་ཕྱིར་འབུད་བཏང་བའི་གྲ་བཙུན་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་ཀྱང༌། ཉེ་ལམ་དགུང་ལོ་ཉི་ཤུ་རྩ་གྲངས་ལ་ཕེབས་པའི་བླ་རུང་ནང་བསྟན་སློབ་གླིང་གི་སློབ་མ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བླ་རུང་ནང་བསྟན་སློབ་གླིང་གི་སློབ་མའི་གྲས་སུ་རྒྱ་མི་རིགས་ཕོན་ཆེ་ཡོད་སྟབས། རྒྱ་ནག་གཞུང་གིས་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་བའི་རྒྱུ་མཚན་གཙོ་བོ་ཞིག་རྒྱ་ནག་ནང་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེན་པོ་ཆགས་ཉེན་ཡོད་པའི་ཞེད་སྣང་ཐོག་ནས་ཡིན་པ་དང༌། གཏོར་བཤིག་གཏོང་སྐབས་རྒྱ་ནག་གི་དཔོན་རིགས་ཚོས། འདི་ནི་སྲིད་འཛིན་ཞི་ཅིང་ཧྥིང་གི་བཀའ་བཏང་བ་ཞིག་རེད། བཀའ་འདི་ལ་དྭངས་ལེན་མ་ཞུས་པ་ཡིན་ཚེ་ང་ཚོར་དཀའ་ངལ་འཕྲད་ཀྱི་རེད། མ་གཞི་ནས་དགུང་གི་གནམ་དེ་རྒྱ་ནག་དམར་ཤོག་ཚོགས་པར་བདག་གི་ཡོད་པ་ནང་བཞིན་ས་འདི་ཡང་རྒྱ་ནག་དམར་ཤོག་ཚོགས་པར་བདག་གི་ཡོད་ཙང༌། ང་ཚོས་ག་རེ་བྱས་བྱས་ཡིན་ཞེས་བཤད་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་ཁུལ་དེར་དམ་དྲག་དང་བལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་དང༌། ཡང་སློབ་གླིང་དེ་ནས་ཕྱིར་འབུད་བཏང་བའི་དགེ་འདུན་རྣམས་འགྲོ་ས་སྡོད་ས་མེད་པའི་གནས་སྟངས་སུ་གྱུར་ཡོད་པ་མ་ཟད། ཁོང་རྣམ་པའི་སེམས་ཁམས་ལ་ཕོག་ཐུག་གི་དཀའ་ངལ་ཆེན་པོ་བཟོས་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་བཀོད་འདུག།
གསར་འགོད་པ་ངག་ཆོས།

དྲ་གནས་ཆ་ཚང༌།