༧གོང་ས་མཆོག་གིས་རྡོ་འབུམ་རིན་པོ་ཆེའི་ཡང་སྲིད་སྐུ་འཁོར་དང་བཅས་པར་མཇལ་ཁ་བསྩལ་བ་དང་། ཡང་སྲིད་རིན་པོ་ཆེའི་དབུ་སྐྲའི་གཙུག་ཕུད་བཞེས་འདུག
རྡོ་འབུམ་སྐུ་ཕྲེང་གསུམ་པ་༧སྐྱབས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཡང་སྲིད་རིན་པོ་ཆེས་ཟླ་ ༤ ཚེས་ ༢༨ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་སྐྲའི་གཙུག་ཕུད་བཞེས་འདུག
རྡོ་འབུམ་བླ་བྲང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་བཀའ་སློབ་དམིགས་བསལ་ཕེབས་མེད་ཀྱང་། ཐུགས་མཉེས་པོ་ཞེ་དྲགས་གནང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྟགས་མཚན་དུ་མར་བརྟེན་ནས་རྡོ་འབུམ་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཅིག་དུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་བྱུང་། དེ་ཡང་ཁོང་གིས་ཡང་སྲིད་རིན་པོ་ཆེ་དེ་སྔ་རྡོ་འབུམ་ཡང་སྲིད་དུ་ངོས་འཛིན་མ་གནང་གོང་། ཟླ་བ་བརྒྱད་དང་ཟླ་བཅུ་གཉིས་ལ་སོན་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས་དབུ་ཐུག་གནང་སྟེ་ཐུགས་མཉེས་པོ་གནང་བ་དེས། བླ་སློབ་ཀྱི་འབྲེལ་བ་སྔོན་མ་ནས་ཡག་པོ་ཡོད་དུས་རྟགས་དང་མཚན་མ་དེ་ཡིན་པར་ངོས་འཛིན་གྱིས་ཡང་སྲིད་འཁྲུལ་མེད་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།

ཡང་སྲིད་རིན་པོ་ཆེ་མཆོག་གི་ཡུམ་བསྟན་འཛིན་བཀྲ་ཤིས་ལགས་ཀྱིས། ཁོང་གི་ཕྲུ་གུ་རྡོ་འབུམ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཞུས་པའི་སྐོར་ཐོག་མར་གསན་སྐབས་ཀྱི་ཚོར་བ་འགྲེལ་བརྗོད་གནང་བར། ཐོག་མར་རྡོ་འབུམ་རིན་པོ་ཆེའི་ཕྱག་མཛོད་ལགས་ཀྱི་ཞལ་པར་འབྱོར་ཏེ་ཁོང་གི་ཕྲུ་གུ་བསྟན་འཛིན་ཆོས་གྲགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཡིག་ཕེབས་དོན་ལྟར་རྡོ་འབུམ་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་གནང་སྐོར་གསུང་སྐབས་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་བྱུང་ཡང་། བསམ་བློ་བཟང་ཕྱོགས་ནས་བཏང་ན་རང་ཉིད་ཀྱི་ཕྲུ་གུ་དེ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཐུབ་མཁན་ཞིག་བྱུང་ན་འགྱོད་པ་མེད་པའི་ཚོར་བ་བྱུང་སྟེ། མ་འོངས་དགོན་པར་ཕུལ་རྒྱུའི་བསམ་བློ་འཁོར་བྱུང་ཞེས་གསུང་གི་འདུག

རྡོ་འབུམ་སྐུ་ཕྲེང་གསུམ་པ་མཆོག་ནི་འདས་པའི་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༩ རེས་གཟའ་ཟླ་བའི་ཞོགས་པ་ཕྱག་ཚོད་ ༦ ཡོལ་ཙམ་ལ་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཡོད་པའི་༧སྐུ་ཉིད་ཀྱི་བླ་བྲང་དུ་དགུང་གྲངས་ ༨༢ ཐོག་དགོངས་པ་རྫོགས་ཡོད་པ་དང་། སྔ་ལོར་རིན་པོ་ཆེ་མཆོག་གི་སྐུ་འཁོར་ལྷན་རྒྱས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་མཛད་པ་དང་བསྟུན། རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་དང་འབྲེལ་༧སྙན་སེང་གསོལ་འདེབས་ཞུས་ཡོད་པ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་བཀའ་ཡིག་བརྒྱུད་རིན་པོ་ཆེ་མཆོག་གི་ཡང་སྲིད་བཞུགས་སྒར་དུ་༧གང་ཉིད་སྐུ་བཞུགས་མཛད་སའི་ཉེ་འཁོར་དུ་འཁྲུངས་ཡོད་པ་བཀའ་བསྩལ་ཡོད་པ་བཞིན། རིན་པོ་ཆེ་མཆོག་གི་སྐུ་འཁོར་རྣམས་ཀྱིས་ཉེ་ལམ་དེ་འབྲེལ་བཞུགས་སྒར་རྡ་རམ་ས་ལར་འཁྲུངས་པའི་བྱིས་པའི་མཚན་ཐོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཏེ་དེ་འབྲས་སུ་༧གོང་ས་མཆོག་གིས་བཀའ་ཡིག་བསྩལ་ཏེ། རྡོ་འབུམ་སྐུ་ཕྲེང་གསུམ་པ་༧སྐྱབས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཡང་སྲིད་བཞུགས་སྒར་རྡ་རམ་ས་ལར་ཡུམ་སྐྱིད་གྲོང་བསྟན་འཛིན་བཀྲ་ཤིས་དང་ཡབ་བསྟན་འཛིན་དབང་རྒྱལ་ལགས་ཀྱི་སྲས་སུ་འཁྲུངས་པའི་བསྟན་འཛིན་ཆོས་གྲགས་ཡིན་པར་ངོས་འཛིན་མཛད་དེ། ཕྱི་ཟླ་ ༤ ཚེས་ ༡༧ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཟིམ་ཤག་ཏུ་རྡོ་འབུམ་སྐུ་ཕྲེང་བཞི་པ་མཆོག་ལ་བྱབས་ཁྲུས་དང་ན་བཟའ་སྒྲོན་འབུལ་ཞུས་ཡོད་པ་རེད།
རྩ་བའི་རྡོ་འབུམ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༤༢ ལོར་མདོ་ཁམས་སྒ་བ་རིན་ཆེན་ཚོ་དྲུག་གི་སྒ་བཞི་དབུས་མདོར་སྐུ་འཁྲུངས་ཏེ། དགུང་ལོ་གཉིས་ཙམ་ལ་སོན་སྐབས་ཕུར་ལྕོག་ཡངས་སྤྲུལ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྡོ་འབུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་པ་དང་། དགུང་ལོ་བཅུ་གཉིས་ཙམ་ལ་ཕེབས་སྐབས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་དུ་བཞུགས། དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་བཞེས་པ་མ་ཟད། ཕྱི་ལོ་ ༡༩༧༣ ལོ་མཇུག་ཏུ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་བཀའ་བསྟན་གསུང་རབ་ཀུན་དགའ་རྭ་བའི་དབུ་འཛིན་དང་ཉམས་ཞིབ་པའི་ཐུགས་འགན་གཅིག་ལྕོགས་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ལོར་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་ལྷ་རམས་པ་དང་། དེ་ནས་ཕྱི་ལོ་ ༡༩༧༧ ལོར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་བཞེས་པ་མ་ཟད། ཕྱི་ལོ་ ༡༩༨༡ ལོར་དགུང་གྲངས་ ༤༠ ལ་ཕེབས་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་གི་ཐུགས་འགན་བཞེས་ཏེ་ཁྱོན་ལོ་ངོ་༣༠ ཙམ་གྱི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོག་ཞིབ་འཇུག་དང་། མཁས་དབང་མཉམ་འཛོམས་ཀྱིས་བགྲོ་གླེང་ཞིབ་འཇུག དཔྱད་གཏམ་དང་དེབ་ཕྲེང་དུ་མ་སྤེལ་གནང་ཡོད་པ་རེད།།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
