བོད་མིའི་སྒྲིག་འཛུགས་ནས་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང༌།


2017.12.26
བོད་མིའི་སྒྲིག་འཛུགས་ནས་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང༌། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ལྷོ་ཕྱོགས་སུ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བཞིན་ཡོད་པ།
བོད་མིའི་སྒྲིག་འཛུགས།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྦེལ་ཀོབ་སེར་བྱེས་མགྲོན་ཁང་ཡིད་དགའ་ཆོས་གླིང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་ཁྱིམ་སློབ་གྲྭ་དང་། སེར་བྱེས་དགོན་པའི་སློབ་གྲྭ། སམ་བྷོ་ཊའི་འཛིན་རིམ་ལྔ་པ་ཡན་གྱི་དགེ་ལས་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་དང༌། ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སློབ་གྲྭ་ཁག་ ༩ ཡི་དགེ་རྒན་དང་། མདུན་ལམ་སློབ་སྟོན་པ། སྨན་ཞབས་པ་བཅས་ཁྱོན་མི་གྲངས་ ༤༠ ལྷག་མཉམ་ཞུགས་གནང་བཞིན་ཡོད་འདུག
ཟབ་སྦྱོང་དབུ་འབྱེད་སྐབས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ཚན་པའི་འགན་འཛིན་དྲུང་གཞོན་མིང་འགྱུར་གཡུ་སྒྲོན་ལགས་ཀྱིས། ཕྲུ་གུའི་འཚར་ལོངས་གི་བརྒྱུད་རིམ་ནང་སློབ་གྲྭ་དང་ཕ་མ་གལ་ཆེ་ཡིན་པས་དེ་རིང་གཞོན་ནུའི་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་ཞིག་ཕུལ་ཐུབ་པ་བྱུང་ཡོད་ལ། མ་འོངས་པར་རྒྱ་གར་བྱང་ཤར་ཁུལ་གྱི་དགེ་རྒན་རྣམས་ལ་ཟབ་སྦྱོང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་དང་། བུ་ཕྲུག་གི་འཚར་ལོངས་བརྒྱུད་རིམ་ནང་ལོ་ ༡༠ ནས་ ༡༩ བར་ལུས་སེམས་གཉིས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་སྟབས། ང་ཚོ་ཚང་མས་དོ་སྣང་དང་ལམ་སྟོན་ཡག་པོ་ཞིག་གནང་ཐུབ་པ་ཡིན་ན། བུ་ཕྲུག་རྣམས་ལུས་སེམས་བདེ་སྐྱིད་དང་མདུན་ལམ་ཡག་པོ་ཡོང་བར་ཕན་ཐོགས་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གཞོན་ནུ་ལང་ཚོ་དར་བབ་ཀྱི་ལས་གཞི་འདི་གལ་ཆེ་ཞིག་ཏུ་བརྩི་བཞིན་ཡོད་ཅེས་གསུངས་ཡོད་པ་དང༌།
ཐེངས་འདིའི་ཟབ་སྦྱོང་ནང་ལང་ཚོ་དར་བབ་ཀྱི་ཆེད་ལས་སློབ་སྟོན་པ་རྣམས་ནས་ཕྲུ་གུའི་སེམས་ཁམས་དང་། མྱོ་རྫས་ངན་གོམས། ཕྲུ་གུའི་འཚར་ལོངས་ཆེད་དགེ་རྒན་དང་ཕ་མའི་འོས་འགན། སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་བྱེད་ཚུལ། ལང་ཚོའི་སེམས་ངལ་སོགས་བརྗོད་གཞི་གལ་ཆེ་བ་མང་དག་ཅིག་གི་པར་རིས་དང་། བརྙན་ཐུང་།  དེ་བཞིན་ཚོགས་བཅར་བ་རྣམས་སྡེ་ཚན་དུ་བགོས་ནས་གྲོས་བསྡུར་བཅས་ཀྱི་ལམ་ནས་སློབ་འཁྲིད་གནང་འཆར་ཡོད་འདུག་པ་དང་། མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ནས་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་དང་། མདུན་ལམ་སློབ་སྟོན་པ་བཅས་ལ་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་གོ་སྒྲིག་གི་རིམ་པས་གནང་འཆར་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎