སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུའི་སྟེང་མ་འོངས་ལས་དོན་གནང་ཕྱོགས་སོགས་གོ་བསྡུར་གནང་འདུག

2024.02.29
སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུའི་སྟེང་མ་འོངས་ལས་དོན་གནང་ཕྱོགས་སོགས་གོ་བསྡུར་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་བྷེལ་ཇིཡམ་དུ་ཚོགས་སྐབས། ༠༢།༢༨།༢༠༢༤
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་ཡོ་རོབ་བྷེལ་ཇིཡམ་གྱི་གྲོང་སྡེ་ཧུའི་(Huy)་ནང་རྟེན་གཞི་བྱས་པའི་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དུ་འདི་ཚེས་༢༧ནས་༢༩བར་ཉིན་གྲངས་གསུམ་རིང་ཚོགས་ཡོད་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་བྷེལ་ཇིཡམ་གྱི་རྒྱལ་ས་(Brussels)་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་མཇུག་སྒྲིལ་བའི་སྐབས་དང་བསྟུན། ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་དབུ་བཞུགས་ཐོག་ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་ཚོགས་པ་རེད། སྐབས་དེར་དོན་གཅོད་རྣམ་པས་མ་འོངས་ལས་དོན་གནང་ཕྱོགས་དང་། སོ་སོའི་ཁྱབ་ཁོངས་ཕྱིའི་རྒྱལ་ཁབ་ཁག་ལ་བོད་དོན་དང་འབྲེལ་བའི་འབྲེལ་བ་གནང་སྟངས་སོགས་ཀྱི་ཐད་ལ་གོ་བསྡུར་གནང་ཡོད་པ་རེད་འདུག

Department of Information and International Relations-CTA  (1).jpg
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་སྡེ་ཚན་གྱི་ཁོངས་སུ་ཕྱིའི་རྒྱལ་ཁབ་ཁག་བཅུ་གཉིས་ནང་སྐུ་ཚབ་དོན་གཅོད་ལས་ཁུངས་ཟུར་འཛུགས་གནང་ཡོད་པ་དང་། དོན་གཅོད་ལས་ཁུངས་དེ་དག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ངོ་བོ་མཚོན་ཞིང་། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི། སུད་སིའི་གྲོང་ཁྱེར་འཇི་ནི་ཝ། ཉི་འོང་གི་རྒྱལ་ས་ཊོཀ་ཡོ། དབྱིན་ཡུལ་རྒྱལ་ས་ལོན་ཌོན། ཨོ་སི་ཏྲོ་ལི་ཡའི་རྒྱལ་ས་ཁན་སྦེ་ར། ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོ། ལྷོ་ཨཕ་རི་ཀའི་རྒྱལ་ས་པིརི་ཊོ་རི་ཡ། བྷེལ་ཇིཡམ་གྱི་རྒྱལ་ས་སྦིར་སལ་དང་དེའི་ཡན་ལག་ལས་ཁུངས་ཕ་རན་སི་རྒྱལ་ས་པེ་རི་སིར་བཙུགས་ཡོད། ཐེ་ཝན་གྱི་རྒྱལ་ས་ཐེ་པེ། བྷ་ར་ཛིལ་གྲོང་ཁྱེར་ས་འོ་པོ་ལོ་བཅས་སུ་རྟེན་གཞི་བྱས་ཡོད། སྐུ་ཚབ་དོན་གཅོད་ཁང་ཁག་ནས་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག མི་སྒེར་གནད་ཡོད་ཁག་བཅས་ལ་མཛའ་འབྲེལ་གསར་གཏོད་དང་མཇུག་གནོན། གོང་གསལ་སྒྲིག་འཛུགས་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་མཛད་བྱུས་ཁག་དང་བོད་ནང་གི་དཀའ་རྙོག་ཁག་གི་གནས་ཚུལ་ཁག་སྐབས་འཕྲལ་མཁོ་སྤྲོད་ཞུས་ཏེ་རྒྱབ་སྐྱོར་སྐུལ་སྤེལ་བྱེད་བཞིན་ཡོད་པ་ལ། ལོ་རེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་ཡོད་པའི་དོན་གཅོད་དག་གིས་ལོ་འཁོར་ཚོགས་འདུ་འཚོགས་ནས་འདས་དོན་ལ་སྤྱི་བསྡོམས་དང་འབྱུང་འགྱུར་གྱི་ལས་དོན་ཁག་ལ་སྔར་ལས་ལྷག་པའི་ཕྱག་ལས་གནང་ཕྱོགས་ལ་གྲོས་མོལ་གནང་བཞིན་པ་རེད།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་ལས་དོན་ཁག་ངོ་སྤྲོད་དང་། ལྷག་པར་ཆབ་སྲིད་ཀྱི་ལས་དོན་གཙོ་བོ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འོག་ནས་རྒྱ་ནག་གཞུང་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བརྒྱུད། བོད་རྒྱའི་རྩོད་རྙོག་གཙང་སེལ་ཡོང་བ་བྱ་རྒྱུ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཚོན་པའི་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ནང་གི་གནད་ཡོད་མི་སྣ་ཁག་ལ་འགྲེལ་བརྗོད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་རྒྱུ་དེ་ཡིན། ད་ལྟའི་བར་དོན་གཅོད་རྣམ་པས་ལས་དོན་གང་ལེགས་གནང་བ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཕྱི་རྒྱལ་ཁག་ལ་ཕེབས་སྐབས་ཕྱི་སྲིད་མི་སྣ་མང་པོ་མཇལ་འཕྲད་ཐུབ་ཡོད་པ་དང་། གྲོས་ཚོགས་ཁག་གི་ནང་བོད་དོན་ཐོག་གྲོས་ཆོད་འཇོག་པ་དང་། བསྒྲགས་གཏམ་སྤེལ་བ་སོགས་ལ་དོན་གཅོད་རྣམ་པས་ལས་དོན་སྒྲུབ་པར་བསྔགས་བརྗོད་དང་། ད་དུའང་མུ་མཐུད་སྔར་ལས་ལྷག་པ་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་སྐོར་སོགས་གསུངས་ཡོད་འདུག

Department of Information and International Relations-CTA  (2).jpg
ད་ཐེངས་ཀྱི་ཚོགས་འདུར་སྐུ་ཚབ་དོན་གཅོད་༡༡དང་། ཧྥ་རན་སིའི་འབྲེལ་མཐུད་པ། ལྷོ་ཨ་ཧྥི་རི་ཀའི་ལྟ་གྲུབ་དགེ་རྒན། ཕྱི་དྲིལ་དྲུང་འཕར་རྣམ་གཉིས། བྷར་སིལ་དོན་གཅོད་ཁང་གི་དྲུང་ཆེ། ཕྱི་དྲིལ་རྩིས་པ་བཅས་ཚོགས་བཅར་གནང་ཡོད་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་ཆོས་ཚོགས་ཁག་གི་དབུ་འཛིན་དང་གཞོན་སྐྱེས་ཁག་བཅས་དང་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎